རང་ཞིང་གི་ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རྒྱལ་སྤྱིའི་ཟོང་སྐྱེལ་མེ་འཁོར་གཏོང་ཐེངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཀོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཚོང་དོན་ཐིན་དང་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་རྒྱུན་མཐུད་ངང་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་སྤྱིའི་ཟོང་སྐྱེལ་མེ་འཁོར་གྱི་གྲངས་ཚད་ཇེ་མང་དང་སྤུས་ཀ་མཐོར་འདེགས་དང་གཏན་འཇགས་འཁོར་སྐྱོད་ལ་སྐུལ་འདེད་བཏང་། 2025ལོའི་ཟླ9པའི་བར། ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་ཟོང་སྐྱེལ་མེ་འཁོར་ཐེངས་ལྔ་བརྒྱར་བཏང་བ་དང་། ད་ལོའི་ཟླ1པོ་ནས་ཟླ9པའི་བར་ཐེངས་བརྒྱ་དང་ང་གཅིག་བཏང་བས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད། མེ་འཁོར་ལམ་ཐིག་དེ་ཨེ་ཤ་ཡ་ཤར་ལྷོ་དང་ཨེ་ཤ་ཡ་དབུས་མ། ཨེ་ཤ་ཡ་ལྷོ་མ་དང་དེ་མིན་ཡོ་རོབ་གླིང་ཕྱོགས་ཀྱི་རྒྱལ་ཁབ་བཅུ་དང་གྲོང་ཁྱེར་བཅུ་དྲུག་ལ་ཁེབས་ཡོད་པས། ཕྱོགས་མང་རྒྱུན་བསྲིངས་་དང་བཀག་མེད་ནུས་མཐོའི་རྒྱལ་སྤྱིའི་དངོས་རྒྱུག་བརྒྱུད་ལམ་རིམ་གྱིས་བསྐྲུན་པ་དང་། བུལ་རྐྱང་དང་ཁིལ་སིན་ཁ་བ། རྡོ་བལ་སོགས་གཙོ་བོ་ནང་འདྲེན་ཕྱིར་གཏོང་བྱེད་པའི་ཚོང་ཟོག་གི་འདོན་སྤྲོད་ཕྲེང་སྦྲེལ་བཀག་མེད་ཡོང་བར་ནུས་ལྡན་སྒོས་འགན་སྲུང་བྱས་ཏེ། རང་ཞིང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཟབ་མོ་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་བར་སྟོང་རྒྱ་བསྐྱེད་པར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས། 

ཕྱོགས་གཉིས་ཀྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ཁེ་ལས་ཀྱི་བླང་བྱར་དམིགས་ནས། འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད་པ་དང་། རྒྱལ་སྤྱིའི་ཟོང་སྐྱེལ་མེ་འཁོར་གྱི་དོན་དག་གཅིག་ལ་གྲོས་ཆོད་གཅིག་གི་གྲོས་མོལ་རྐྱེན་སྲོལ་དང་ཟླ་རེའི་སྐྱེལ་འདྲེན་འཆར་གཞིའི་གྲོས་མོལ་རྐྱེན་སྲོལ་བཙུགས་ནས། དུས་ཐོག་ཏུ་ཁེ་ལས་ཀྱི་རེ་འདུན་དང་ལེན་བྱས། ཁེ་ལས་རེ་འགས་ཚུར་སྣང་བྱས་པའི་ལྕགས་ལམ་གྱི་སྐྱེལ་རིན་འཕར་བ་དང་འགྲུལ་སྐྱེལ་མ་རྩ་མཐོ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། མཚོ་བོད་སྡེ་ཚོགས་ཀུང་སིས་མུ་མཐུད་དུ་སྐྱེལ་རིན་མར་ཆག་པའི་ལྟ་སྐྱོང་ལག་ཏུ་བསྟར་བར་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱི་དཀའ་ཁག་སེལ་ཞིང་འགན་ཁུར་ཇེ་ཡང་དུ་བཏང་། ལིས་གློག་སྨན་ཕྱིར་གཏོང་བྱེད་པར་དམིགས་ཏེ། མཚོ་སྔོན་ཧྥུས་ཏིས་གློག་སྨན་ཚད་ཡོད་ཀུང་སིས་ལིས་གློག་སྨན་གྱི་ལྕགས་ལམ་བདེ་འཇགས་འགྲུལ་སྐྱེལ་ཚད་ལེན་དང་ཆེད་སྤྱོད་ལམ་ཐིག་འདེམས་པ་ལེགས་འགྲུབ་ཡོང་བར་སྐུལ་འདེད་བཏང་ཞིང་། ཆེད་སྤྱོད་དོས་སྒམ་གཏན་འཁེལ་བཟོས་ནས། ནུས་ཁུངས་གསར་བའི་ཐོན་རྫས་ཕྱིར་གཏོང་བྱེད་པར་ལྕགས་ལམ་གྱི་བརྒྱུད་ལམ་གསར་བ་ཞིག་གཏོད། 

ཞིང་ཆེན་ཚོང་དོན་ཐིན་གྱིས་མུ་མཐུད་དུ་མཚོ་བོད་ལྕགས་ལམ་ཀུང་སིའི་བར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་། བརྒྱུད་ལམ་གྱི་ནུས་པ་དང་ལས་ཆོད་མཐོར་འདེགས་གཏོང་བ་གཙོ་གནད་དུ་བརྩིས་ནས། ལིས་གློག་སྨན་དེ་ཨེ་ཤ་ཡ་དབུས་མ་དང་ཡོ་རོབ་གླིང་ཕྱོགས་ཀྱི་ལྕགས་ལམ་སྐྱེལ་འདྲེན་བརྒྱུད་ལམ་དུ་སྤྱོད་པ་བཀག་མེད་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་། མེ་འཁོར་ལམ་ཐིག་བཏོད་པའི་རྒྱུན་རྣམ་ཅན་གྱི་འཁོར་རྒྱུག་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་པ། སྐྱེལ་ནུས་སྡེབ་སྒྲིག་དང་འཁོར་སྒྲོམ་འཆར་གཞིའི་འགན་སྲུང་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། རྣམ་པ་མང་བའི་མཉམ་འབྲེལ་སྐྱེལ་འདྲེན་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་། ཁེ་ལས་ཀྱི་དངོས་རྒྱུག་མ་རྩ་ཇེ་དམའ་རུ་གཏོང་བར་རོགས་ཤུགས་བཏོན་ནས། མཚོ་སྔོན་ཟོང་རྟགས་ཀྱི་ཐོན་རྫས་སྔར་ལས་མང་པོ་མེ་འཁོར་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།  བགྲོད་ལམ་ཞབས་ཞུའི་ནུས་པ་དང་འཁོར་རྒྱུག་ལས་ཆོད་བསྟུད་མར་མཐོར་འདེགས་བཏང་བ་བརྒྱུད་དེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་བགྲོད་ལམ་དང་སྦྲེལ་གནས། དྲ་རྒྱ་བཅས་མཉམ་འབྲེལ་རྣམ་པའི་དེང་རབས་རྒྱལ་སྤྱིའི་དངོས་རྒྱུག་མ་ལག་བསྐྲུན་པ་དང་། མཚོ་སྔོན་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་ལས་བློ་གཏད་ཆོག་པའི་འདོན་སྤྲོད་ཕྲེང་སྦྲེལ་གྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།