ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ལི་ཆས་རིག་དངོས་རྩ་ཆེན་ལ་སྲུང་སྐྱོབ་དང་ཞིག་གསོའི་ལས་གཞི་རྩིས་ལེན་ལེགས་པར་གྲུབ།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ཟླ7པར་སྲུང་སྐྱོབ་ཞིག་གསོའི་ལས་གཞི་འགོ་བརྩམས་པ་དང་། ཟླ13རིང་གནད་ཁེལ་ལག་བསྟར་བྱས་པར་བརྟེན་མ་གཞི་སྲུང་སྐྱོབ་དང་ཞིག་གསོ། ཚན་རིག་གི་དབྱེ་ཞིབ་བརྟག་འཇལ། བརྙན་རིས་རྒྱུ་ཆ་བསྡུ་སྒྲིག་སོགས་བྱ་བ་གཙོ་བོ་ལེགས་འགྲུབ་བྱས། ཐེངས་འདིར་སྲུང་སྐྱོབ་དང་ཞིག་གསོ་བྱས་པའི་རིག་དངོས་བཅོ་ལྔ་ནི་གནའ་རྫས་རྟོག་ཞིབ་སྐབས་ས་འོག་ནས་བཏོན་པའི་་གནའ་རྫས་རྩ་ཆེན་རྐྱང་བ་ཡིན་ལ། དེའི་ཁྲོད་དུ་རིམ་པ་གཉིས་པའི་རིག་དངོས་གཅིག་དང་རིམ་པ་གསུམ་པའི་རིག་དངོས་བཅུ་བཞི་ཡོད་ལ། ལོ་རྒྱུས་དང་རིག་གནས། ཚན་རིག་གི་རིན་ཐང་ཅུང་མཐོན་པོ་ཡོད།
ལས་གཞི་ལག་བསྟར་བྱ་བའི་བརྒྱུད་རིམ་ཁྲོད་དུ་ལྷད་མི་བཟོ་བ་དང་ཞིག་གསོ་བྱ་རུང་བ་སོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་སྲུང་སྐྱོབ་རྩ་དོན་ལག་བསྟར་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་པའི་བཤེར་ཞིབ་གཞི་གྲངས་འདེགས་སྐྱོར་དུ་བྱེད་པ་དང་། གསལ་ཚད་མཐོ་བའི་བརྙན་རིས་དངXའོད་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་གཏོར་སྐྱོན་མི་བཟོ་བའི་ངང་ནས་རིག་དངོས་ཀྱི་ནང་གི་གྲུབ་ཚུལ་དང་ཉར་ཚགས་རྣམ་པར་རྒྱུས་ལོན་བྱས། ཕྲ་མཐོང་དམར་ཕྱིའི་འོད་བརྟག་ཆས་དང་འཕྲོ་ཐིགXཡི་སྐོར་འཕྲོའི་དབྱེ་ཞིབ་ཡོ་བྱད་སོགས་ཆེད་ལས་རང་བཞིན་གྱི་སྒྲིག་ཆས་བཀོད་ནས་བཙའ་ཆགས་པའི་ཆ་ཤས་ཀྱི་དངོས་པོའི་གྲུབ་ཆ་དང་རིག་དངོས་བཟོ་ལག་རྩལ་ལ་དབྱེ་ཞིབ་བྱས། འདིའི་རྨང་གཞིའི་སྟེང་དུ་གནོན་སྐྱོན་རི་མོ་འབྲི་བ་དང་གནོད་སྐྱོན་གཞི་གྲངས་སྡོམ་རྩིས་བྱས་ཏེ་རིག་དངོས་རེར་ཆེད་སྤྱོད་ཀྱི་ཞིག་གསོའི་ཇུས་གཞི་བཟོས། ཞིག་གསོ་བྱེད་པའི་གོ་རིམ་ཁྲོད་རིག་དངོས་ཕྱི་ངོས་ཀྱི་རིམ་བརྩེགས་སྲ་གཟུགས་དང་བཙའ་རྡུལ་སོགས་གཙང་སེལ་བྱས་ཏེ། བཙའ་འམ་མི་གཙང་བས་བཟོས་པའི་ལྷན་སྐྱོན་དང་བུ་ག་ཕྱོགས་ཡོངས་ནས་ཞིག་གསོ་བྱས་ཏེ། རིག་དངོས་ཀྱི་དངོས་ལུགས་དྲག་ཚད་ཇེ་དྲག་ཏུ་བཏང་བ་དང་རིག་དངོས་ཀྱི་སྤྱི་ཡོངས་རང་བཞིན་སླར་གསོས་པར་མ་ཟད། དེའི་སྔར་གྱི་རྣམ་པ་དང་རིན་ཐང་མངོན་པར་བྱས་ཏེ། འགྲེམ་སྟོན་དང་ཞིབ་འཇུག་སོགས་ཀྱི་བྱེད་སྤྱོད་དགོས་མཁོ་ལེགས་པར་བསྐངས།
བཤེར་ཞིབ་གོ་རིམ་དུ་ཆེད་མཁས་པས་ལས་གཞིར་ཚད་མཐོའི་གདེང་འཇོག་བྱས་ལ། ལས་གཞི་ལག་བསྟར་བྱ་བའི་བརྒྱུད་རིམ་ཁྲོད་ཚན་རིག་དང་མཐུན་ཞིང་གཟབ་ནན་ཆེ་བ། ཚད་གཞི་དང་མཐུན་པའི་བྱེད་ཐབས། ཡིད་རྟོན་རུང་བའི་གཞི་གྲངས་ལ་བརྟེན་ནས་རིག་དངོས་སྲུང་སྐྱོབ་དང་ཞིག་གསོའི་དམིགས་འབེན་ལེགས་འགྲུབ་བྱས། རིག་དངོས་ཞིག་གསོའི་སྔ་གཞུག་གི་ཕན་ནུས་མངོན་གསལ་ཡིན་ལ། ཕྱིས་ཀྱི་རིག་དངོས་ཞིང་འཇུག་དང་འགྲེམ་སྟོན། རིགས་མཐུན་རིག་དངོས་ལ་སྲུང་སྐྱོབ་བྱེད་པའི་ལས་གཞི་སྤེལ་བར་རྨང་གཞི་བཟང་པོ་བཏང་།