ཀྲུང་གོའི་གསར་འགྱུར་དྲ་བས་མཚོ་སྔོན་ན་གོར་མོ་ནས་སྤེལ་བའི་འཕྲིན། ཚེས20ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱི་བདེ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཅུས་དེས་ཉེ་ལམ་ཆེད་དོན་སྐོར་ཞིབ་ཁྲིམས་བསྟར་བྱ་བ་སྒྲུབ་པའི་གོ་རིམ་ཁྲོད་དུ། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཁྲིམས་འགལ་ངང་རླངས་འཁོར་བསྐོར་ནས་གང་འདོད་དུ་བསྐྱོད་མཁན་མི་སྐོར་ཁག་གཉིས་ཏེ། ཁྲིམས་འགལ་ངང་ས་ཁོངས་དེར་བརྒལ་མཁན་མི21དང་རླངས་འཁོར9འཛིན་བཟུང་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་མཁན་ལ་འཇིགས་ཟིལ་ངོམ།

ཐེངས་དེའི་ཆེད་དོན་བྱ་སྤྱོད་དེ་ནི་ཅུས་དེའི་གྱོད་གཞི་རྩད་ཞིབ་རུ་ཆེན་གྱི་རིམ་པ་དང་པོའི་ཉེན་རྟོག་དཔོན་ཀྲེན་ཅང་ལུང་གིས་སྣེ་ཁྲིད་པ་དང་། ཟླ10ཚེས30ཉིན་མི་དམངས་ཉེན་རྟོག་པ7གྱིས་གྲུབ་པའི་སྐོར་ཞིབ་ཁྲིམས་བསྟར་རུ་ཁག་ལམ་ལ་ཆས་ནས་ལེ་ཤེ་ཝུ་ཏན་མཚོ་དང་། པུ་ཁ་ཏྭ་པན་རི་སོགས་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བར་བསྐྱོད་ཅིང་། མཚོ་སྔོན་དང་ཤན་ཅང་། བོད་ལྗོངས་གསུམ་གྱི་ས་མཚམས་ཀྱིN35རུ་ཁྲིམས་འགལ་གྱིས་བརྒལ་བ་དམིགས་སུ་བཟུང་ནས་སྐོར་ཞིབ་བྱས་རྗེས། ཟླ11ཚེས19ཉིན་བདེ་འཇགས་ངང་ཕྱིར་ན་གོར་མོ་གྲོང་ཁྱེར་དུ་ལོག “མཚོ་འཕགས་མཐོ་ཞིང་། ས་དབྱིབས་རྙོག་འཛིང་ཆེ་བའི་ཁོར་ཡིག་ཡ་ང་བའི་ཁྲོད། རུ་མི་རྣམས་ཀྱིས་ཁ་བ་དང་བཙག་རླུང་གདོང་གིས་བསུས་ཤིང་། ལ་དང་ལུང་པ་གོམ་གྱིས་འཇལ་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མི་མངོན་རྐྱེན་ངན་ལ་ཞིབ་བཤེར་བྱས་པ་ཡིན ”ཞེས་ཀྲེན་ཅང་ལུང་གིས་ཕྱིར་དྲན་གྱི་ངང་ནས་དེ་ལྟར་བཤད།

ཀྲེན་ཅང་ལུང་གིས་འདི་སྐད། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟེ་བའི་ས་ཁོངས་ཡིན་པའི་ཆ་ནས་ས་ཁུལ་དེའི་སྤྱི་བདེ་ཅུས་ཀྱིས“སྐོར་སྲུང་ཁྲིམས་བསྟར+ས་ཁོངས་མཉམ་ལས+དག་ཐེར་ཚ་ནན+ཁྲིམས་ལུགས་དྲིལ་སྒྲོག”བཅས་ཕྱོགས་ཡོངས་ཀྱི་སྲུང་སྐྱོབ་མ་ལག་བཙུགས་ཡོད་ཟེར།
སྐོར་ཞིབ་ཁྲིམས་བསྟར་གྱི་ཁྲོད་དུ། མི་དམངས་ཉེན་རྟོག་པ་རྣམས་ཀྱིས་རྩི་ཤིང་གི་སྐྱེ་ཚད་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ། རིམས་ནད་ཀྱི་མགོ་ཁུངས་དང་རིམས་ནད་ཕོག་ཚད་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། སྐྱེ་ཁམས་མ་ལག་གི་གཏན་འཇགས་ལ་སྲུང་སྐྱོབ་བྱ་དགོས་པ་མ་ཟད། ཁྲིམས་འགལ་གྱི་རི་དྭགས་ལྐོག་རྔོན་དང་གང་འདོད་དུ་རང་བྱུང་སྲུང་སྐྱོབ་ས་ཁོངས་སུ་ཁྲིམས་འགལ་ངང་བརྒལ་བ། ཁྲིམས་འགལ་ངང་ནས་གཏེར་ཁ་སློག་པ་ལ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ངན་པ་གཟེངས་ཐོན་རིགས་ལ་ཇུས་ཐབས་གནད་ལ་སྨིན་པ་བཀོལ་ཏེ་ཉེས་ཅན་ལ་རྡུང་རྡེག་གཏང་དགོས་པ་རེད། དེ་བཞིན་བསྡོམས་རྩིས་ལྟར་ན། 2019ལོ་ནས་བཟུང་། ཅུས་དེས་སྔ་རྗེས་སུ་ཁྲིམས་འགལ་ངང་ས་ཁོངས་སུ་བརྒལ་བའི་གྱོད་གཞི8རྩད་ཞིབ་བྱས་ཤིང་། གྱོད་འབྲེལ་མི་སྣ144དང་རླངས་འཁོར80ལྷག་འཛིན་བཟུང་བྱས་ཡོད་པ་རེད།