རང་རེའི་དྲ་བའི་འཕྲིན། ཉེ་སྔོན། “‘ལོ་ལྔ་ཚན་བཅུ་བཞི’པའི་འཕེལ་རྒྱས་གྲུབ་འབྲས”ཞེས་པའི་བརྗོད་དོན་གཙོ་བོའི་མུ་འབྲེལ་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ལས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཆེད་དོན་ཁྱབ་སྤེལ་ཚོགས་འདུ་བསྡུས་ཏེ“ལོ་ལྔ་ཚན་བཅུ་བཞི”པའི་རིང་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྣོད་བཅུད་སྲུང་སྐྱོབ་ཉམས་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཐོབ་པའི་དུས་རིམ་རང་བཞིན་གྱི་འབྲེལ་ཡོད་གྲུབ་འབྲས་ཁྱབ་སྒྲོག་བྱས་པ་རེད།

གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཚུན། མ་དངུལ་སྒོར་དུང་ཕྱུར15བཏང་སྟེ། ས་ནག་གི་གྲམ་ཐང་དང་ས་ནག་གི་རི་ངོས། བྱེ་ཐང་ཅན་བཅས་ཀྱི“ནག་གཉིས་བྱེ་གཅིག”བཅོས་སྐྱོང་བྱས་པ་དང་། དེ་མིན་རི་རྒྱ་བསྡམས་ནས་ནགས་རྩྭ་འདེབས་འཛུགས་དང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་ཟོན།བརླན་ས་དང་གངས་རིའི་འཁྱགས་རོམ་སྲུང་སྐྱོབ་བཅས་ས་མུའུ་ཁྲི3100(མུའུ1ལ་སྤྱི་ཆིང0.0667ཙམ)ལྷག་བཅོས་སྐྱོང་བྱས། ཕྱོགས་གསུམ་པའི་དཔྱད་དཔོག་བྱས་འབྲས་ལས།གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་རྩྭ་ཐང་གི་སྔོ་ཁེབས་དུས་ཚོད་སྔ་སྣུར་དང་། རྩི་ཏོག་སྐམ་པའི་དུས་ཚོད་གཅིག་མཚུངས་དང་སྲོག་ཆགས་ཀྱི་སྐྱེ་འཕེལ་དུས་ཡུན་ཇེ་རིང་དུ་སོང་ཡོད། རྩྭ་སའི་སྔོ་ཁེབས་ཀྱི་ཕྱོགས་བསྡུས་ཁེབས་ཚད36.8%ཡིན་པས་ཚོད་ལྟ་མ་བྱས་པའི་སྔོན་དང་བསྡུར་ན8.6%འཕར་ཡོད། ཆུ་ཁུངས་གསོ་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆུ་ཁུངས་གསོ་སྐྱོང་ཞབས་ཞུའི་ནུས་པའི་སྟོན་གྲངས92.6ཟིན་ཞིང་། དེ་ཚོད་ལྟ་མ་བྱས་པའི་སྔོན་དང་བསྡུར་ན21.8མང་དུ་ཕྱིན། མཚེའུའི་རྒྱ་ཁྱོན་སྤྱི་ཡོངས་ནས་ཆེ་རུ་ཕྱིན་ཏེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ30ལས་ཆེ་བའི་དཔེ་མཚོན་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ6000ཙམ་ཟིན། རྨ་ཆུའི་ཆུ་མགོ་རྨ་སྟོད་རྫོང་གི་མཚེའུ་ཡི་གྲངས་འབོར་དེ་སྔོན་ཆད་ཀྱི4077ནས5849ལ་འཕར་ཏེ“མཚེའུ་སྟོང་གི་མཛེས་ལྗོངས”སླར་ཡང་རྨ་ཆུའི་ཆུ་མགོར་མངོན་ཡོད་པ་བཀོད་ཡོད།

ཆར་ཆུ་འབབ་ཚད་མང་བས་ལོ་རེར་ཆ་སྙོམས16.6%མང་དུ་ཕྱིན་པ་དང་། ས་ངོས་ཀྱི་ཆུའི་ཐོན་ཁུངས་ཡང་ཅུང་མང་བས་ལོ་རེར་ཆ་སྙོམས33.7%མང་དུ་ཕྱིན་ཏེ། ལོ་ལྟར་རྨ་ཆུའི་སྨད་རྒྱུད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར900ཡི་ཆུ་མགོའི་ཆུ་མཁོ་འདོན་བྱེད་བཞིན་ཡོད། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་གཏན་འཁེལ་བྱས་པའི་ས་ངོས་ཆུ30ཡི་ཆུའི་སྤུས་ཚད་ཚང་མⅡརིགས་ཀྱི་ཡན་དང་། དེའི་ཁྲོདΙརིགས་ཀྱི་ཆུའི་སྤུས་ཚད་ཀྱི་བསྡུར་ཚད40%ཙམ་ཟིན། གཙང་པོ་དང་མཚེའུ་ཡི་རྣམ་པ་གསར་པར་གྱུར་ཏེ་སྐྱེ་ཁམས་མ་ལག་གི་ནུས་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནི“མཐོ་གྲང་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད”ཅིག་ཡིན་པ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས84དང་། སྐམ་སའི་སྒལ་ཚིགས་ཅན་གྱི་ཁོངས་སུ་གཏོགས་པའི་སྲོག་ཆགས72ལས་རིགས270དང་ཉ་རིགས40བཅས་ཡོད་ཅིང་། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ས་ཁོངས་དམིགས་བསལ་ཅན་གྱི་གྲས་སུ་གཏོགས། ད་སྔར། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་རྒྱུན་མཐུད་ངང་སླར་གསོ་བྱུང་སྟེ། དགོ་བ་དང་གསའ་སྟོངས་ལ་ཉེ་བ་ནས་རིམ་བཞིན་སླར་གསོ་བྱུང་ཡོད་ཅིང་། རི་བོང་དང་ཝ། ཤྭ་བ་མཆུ་དཀར། འབྲོང་། ཁྲུང་ཁྲུང་སྐེ་ནག་དང་གླག་རྒོད་སོགས་ག་ས་གང་ནས་མཐོང་ཐུབ། ཆུ་ཁོངས་ཀྱི་ཆུའི་སྐྱེ་དངོས་གཞི་རྩའི་ཆ་ནས་གདོད་མའི་རྣམ་པར་གནས་པ་དང་སོར་ཉར་ལྟོས་བཅས་ཀྱིས་ཆ་ཚང་ཡིན་ཞིང་། འབྲི་ཆུའི་མགོ་ཁུངས་ཀྱི་་སྐྱེ་དངོས་ཆ་ཚང་རང་བཞིན་གྱི་གདེང་འཇོག་རིམ་པ་དེ“ལེགས་ཤོས”ཡིན་པས་སྣོད་བཅུད་མ་ལག་ཉིན་རེ་བཞིན་བརྟན་བརླིང་སྒོས་གོང་འཕེལ་འགྲོ་བཞིན་ཡོད།

གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནི2021ལོའི་ཟླ10ཚེས12ཉིན་དངོས་སུ་བཙུགས་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི19.07ཡོད་ཅིང་། ཆ་སྙོམས་ཀྱི་མཚོ་འཕགས་སྨི4700ལས་བརྒལ་ཡོད་པས་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་དང་ས་བབ་མཐོ་ཤོས། རྒྱལ་ཡོངས་ཀྱི་ཆོག་མཆན་ཐོག་མ་དང་མིང་འདོན་ཐོག་མ་བཅས་ཡིན་པའི་རྒྱལ་ཁབ་སྤྱི་གླིང་ཞིག་ཡིན་ནོ། །