མཚོ་སྔོན་གྱི་ཁེ་ལས17སྐབས30པའི་ཐེན་ཅིན་ཚོང་གཏམ་གྲོས་ཚོགས་སུ་ཞུགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ11ཚེས21ཉིན། སྐབས30པའི་ཀྲུང་གོའི་ཐེན་ཅིན་མ་དངུལ་གཏོང་འཇོག་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ཐེན་ཅིན་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། སྐབས་འདིའི་ཐེན་ཅིན་ཚོང་གཏམ་གྲོས་ཚོགས་ཐོག"འཛད་སྤྱོད་གསར་པ་དང་། རྣམ་པ་གསར་པ་། བྱེད་ནུས་གསར་པ་བཅས་ཀྱིས་གོ་ལ་ཧྲིལ་པོའི་མཐོང་ལམ་ཐེན་ཅིན་དུ་གཅིག་སྡུད་བྱེད"ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ།  རྒྱལ་ཡོངས་ཀྱི་ཁེ་ལས300ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས17རྩ་འཛུགས་བྱས་ནས་འགྲེམས་སྟོན་ནང་ཞུགས་ཏེ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་བཟའ་བཏུང་། གཟུགས་འདས་ཤུག་བཞག་རིག་གནས། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་བསྣམས་ནས་གྲོས་ཚོགས་སུ་ཞུགས།  ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་ལྟེ་བའི་འགྲན་རྩོད་ནུས་ཤུགས་ལ་བརྟེན་ནས་མི་མང་བོའི་དོ་ཁུར་ཐོབ་ཏེ་ཉིན་དང་པོར་མཉམ་ལས་ཀྱི་གྲུབ་འབྲས་གཟེངས་སུ་མངོན།

ཐེངས་འདིའི་འགྲེམས་སྟོན་ནང་འཐུས་ཚབ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཀྱི"གནས་བཞི"བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་འཛུགས་སྐྲུན་ལ་གནད་ཁེལ་གཅིག་སྡུད་བཅས་བྱས་ཏེ། མཚོ་སྔོན་གྱི"སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི"ཁྲིད་སྟོན་ཕྱོགས་བསྡུས་ཀྱིས་མངོན་ཡོད། དེའི་ཁྲོད་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་འགྲེམ་ཁུལ་གྱིས་བཏོན་པའི་སྟར་ཁུའི་རྒྱ་ཁོག་བྲོ་རྫས་དེ་རང་བྱུང་བཟའ་བཅའི་རྒྱུ་ཆའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། བདེ་ཐང་འཚོ་བཅུད་ཀྱི་ངོ་བོར་བརྟེན་ནས་འགྲེམས་ཚོགས་ཀྱི"བྲིན་ཆེ་བའི་ཐོན་རྫས་སུ་གྱུར་ཏེ། མཚོ་སྔོན་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་ཁས་ལེན་ཐོབ་ཚད་ར་སྤྲོད་བྱས་པ་དང་། སྐམ་ཤའི་ཐོན་རྫས་དང་འཕང་འབྲས་ཀྱི་ཞིབ་ཚགས་ལས་སྣོན་ཐོན་རྫས། བོད་ལུགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལའང་མི་མང་བོའི་དགའ་བསུ་ཐོབ་པས། ཁེ་ལས་མང་པོ་ཞིག་དང་ཉོ་སྒྲུབ་བྱེད་འདོད་ཀྱི་མཉམ་ལས་ཐུན་མོང་ལྟ་བ་བཀོད།

འགྲེམས་ཚོགས་ཀྱི་ཉིན་དང་པོར་མཚོ་སྔོན་གྱི་འགྲེམས་ཞུགས་ཁེ་ལས3གྱིས་ཞིང་ཆེན་ཕྱིའི་ཉོ་སྒྲུབ་ཚོང་པ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་པར་མ་ཟད་ཉོ་སྒྲུབ་གན་རྒྱ་བཞག་ཡོད། གན་རྒྱ་དེ་དག་འཐེན་ཐུག་ཐོན་ལས་ཀྱི་རིམ་སྤོར་དང་མཐོ་སྒང་གི་སྐྱེ་ལྡན་ནོར་ཤ་དང་ལུག་ཤའི་མཁོ་སྤྲོད་འབྲེལ་ཐག་འཛུགས་པ། འོ་བཟོས་བཟའ་བཏུང་གི་ཞིབ་ཚགས་ལས་སྣོན་སོགས་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བ་ཡོད་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་ཡང་མཐུན་པ་རེད། ཐེངས་འདིའི་འགྲེམས་ཚོགས་ཀྱིས་ད་དུང"འཐེན་ཐུག་ཕོར་བ་གང"དང"རྩེ་ཁོག་གི་ནོར་ལུག"སོགས་མཚོ་སྔོན་གྱི་ཁྱད་ལྡན་སྤུས་རྟགས་དང་ཐེན་ཅིན་གྱི"འཚིག་ཇ་ཕོར་པ་གང"གི་གྲོང་ཁྱེརIPདང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། མཚོ་སྔོན་དང་ཐེན་ཅིན་ས་གནས་གཉིས་ལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་ཟམ་བསྐྲུན་པ་དང་། མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལེགས་ཆ་ཁ་གསབ་བྱེད་པར་གཞོགས་འདེགས་བྱས་ཡོད།

མཚོ་སྔོན་འགྲེམས་ཞུགས་ཚོགས་པས་ཐེན་ཅིན་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་གྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ལ་འཚམས་འདྲི་བྱས་ཏེ། ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་རྒྱུན་མཐུད་ངང་ཡར་རྒྱས་དང་ཁྲོམ་རའི་ཐབས་ལམ་རྒྱ་ཆེར་བཏང་ནས། སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་དང་། རིག་གནས་ཡུལ་སྐོར། སྐྱེ་དངོས་སྨན་རྫས། དག་གཙང་ནུས་ཁུངས། ཚྭ་མཚོའི་རྫས་འགྱུར། མཚོ་སྔོན་གྱི་འཐེན་ཐུག་སོགས་ཀྱི་ཁྱབ་ཁོངས་ནས་ཐེན་ཅིན་དང་མཉམ་ལས་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱིས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།