ཟླ11པའི་ཚེས21ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་གཙོ་གནད་ལས་དོན་གྱི་སྐུལ་སྤེལ་བཀོད་གཏོང་གྲོས་ཚོགས་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། བར་བརྒལ་དུས་སྐབས་མཇུག་སྒྲིལ་བའི་ལོ་ཡི་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ནས། འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་དང་མཁྲེགས་གཏོར་འབད་པས་བྱས་ཏེ། ལོ་ཧྲིལ་བོའི་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་རྨང་གཞི་བརྟན་པོ་བཏིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བཀོད་སྒྲིག་བྱས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་མཐོང་ཆེན་གང་ལེགས་གནང་གིན་ཡོད་ཅིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པས“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནན་མོ་གཏོང་བའི”ཐད་ནས་བཀོད་སྒྲིག་གང་ལེགས་བྱས་ཡོད། ཐབས་མང་མཉམ་སྤྱོད་སྒོས་ རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏོང་བ། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྒྱུར་ཟབ་སྤེལ་གཏོང་བ་སོགས་བྱས་ནས་ལོ་ལྔའི་བར་བརྒལ་དུས་རིམ་བདེ་ལེགས་ངང་མཇུག་སྡུད་ཐུབ་དགོས། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་ལས་དོན་སོ་སོའི་མི་འདང་སར་ཕྱོགས་ཡོངས་ནས་འདོར་ལེན་བྱས་ཏེ། ལས་ཀའི་ཁྲོད་ཀྱི་ལས་རིམ་གཉོམ་ཞན་ཅན་ལ་དམ་པོར་དམིགས་ཏེ་འབེན་ཕྱོགས་ལ་ཤུགས་བསྣན་ནས། བཅོས་སྒྲིག་གི་ཕན་འབྲས་ཀྱིས་ཞིབ་བཤེར་ཐེག་ཐུབ་པར་འགན་ལེན་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཕྲག་སྟེང་དུ་བླངས་ནས། ལས་རིགས་སྡེ་ཁག་གི་ལས་ཀའི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་མཐུན་སྦྱོར་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། གྲོང་ཚོ་རུ་བཅའ་སྡོད་བྱས་ཡོད་པའི་ལས་དོན་རུ་ཁག་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ལས་ཀའི་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས། མུ་མཐུད་དུ་འབད་འབུངས་ཡག་པོ་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་དང་སྲིད་ཇུས། ལས་དོན་དོན་འཁྱོལ་བཅས་ཁྲིད་སྟོན་དུ་འཛིན་རྒྱུ་དང་། མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་འགག་རྩར་བཟུང་ནས། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྨོ་ཞིང་སྲུང་སྐྱོང་གི་ཉེན་མཚམས་མཐའ་གཅིག་ཏུ་སྲུང་བ། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་བརྟན་པོ་ཡོང་བར་བྱེད་པ་དང་མཁོ་སྤྲོད་འགན་ལེན་ཐད་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱ་རྒྱུར་སྔར་ལས་དམ་འཛིན་ཡག་པོ་བྱས་ཏེ། གནད་འཁེལ་དབྱེ་འབྱེད་དང་ལྟ་ཞིབ་ཚད་ལེན་ནུས་ལྡན་བཅས་བྱས་ནས། གནད་འཁེལ་རོགས་སྐྱོར་བྱེད་ཐབས་རིགས་དབྱེ་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་ཅན་གྱི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་ནན་མོ་བྱེད་དགོས། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ལས་དོན་སྔར་ལས་ལེགས་པར་བསྒྲུབས་ནས། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་། འཐུང་ཆུའི་བདེ་འཇགས་འགན་སྲུང་བཅས་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་མཐོར་འདེགས་ཡག་པོ་ཡོང་བར་བྱེད་དགོས། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཐོན་ལས་དང་ལས་ཞུགས་ཀྱི་འགག་རྩ་གཉིས་དམ་འཛིན་བྱས་ཏེ། ཐོན་ལས་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཡོང་འབབ་འཕར་སྣོན་ཡོང་བའི་རྣམ་པ་བརྟན་པོ་ཡོང་བར་ཤུགས་སྣོན་དགོས། ལས་གཞིའི་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་། གྲོང་གསེབ་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ་ཆེད་དོན་བཅོས་སྐྱོང་ཟབ་སྤེལ་གཏོང་བ། རྒྱུ་ནོར་དང་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ལམ་ལུགས་ཀྱིས་ཁྱབ་པར་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོབ་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། བདེ་འཇགས་དང་ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་བཅོས་སྒྱུར་ཟབ་སྤེལ་གཏོང་བ་བཅས་བྱས་ཏེ། བར་བརྒལ་དུས་རིམ་གྱི་མཇུག་སྡུད་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།
ཐེངས་འདིའི་ཚོགས་འདུ་བརྙན་ལམ་ནས་འཚོགས་པ་དང་། ཞིང་ཆེན་གྱིས་ཚོགས་འདུ་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས། ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་ཕན་འབྲས་ལྡན་པའི་སྦྲེལ་མཐུད་དང་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ལས་དོན་སྐུལ་སྤེལ་བྱས་པའི་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ། ཞུན་ཧྭ་རྫོང་། ཆུ་དམར་ལེབ་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ཝང་ཝུའེ་ཏུང་དང་ཝུའུ་ལ་ཙེ་པེ་ཁེ·རི་སུའུ་ལིས་ཧན། ལོའུ་ཀང་བཅས་ཚོགས་ར་གཙོ་བའམ་ཡང་ན་ཡན་ལག་ཚོགས་རར་ཞུགས།