མཚོ་སྔོན་ཞིང་ཆེན་ཏང་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད《གྲོས་གཞིའི》ཐད་ནས་གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁུལ་བཅས་སུ་བསམ་འཆར་སྡུད་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 ཟླ11པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་གྱི“ལོ་ལྔ་ཚནབཅོ་ལྔ་པའི”འཆར་འགོད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་མཛད་ནས་ཞིང་ཆེན་ཏང་ཨུའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད《གྲོས་གཞི》ཐད་ནས་གྲོང་ཁྱེར་དང་ཁུལ། རྫོང་དང་གྲོང་ཁུལ་བཅས་སུ་བསམ་འཆར་སྡུད་ལེན་བྱས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། རང་ཞིང་གི“ལོ་ལྔ་ཚན་བཅོ་ལྔ་པ”འཆར་འགོད་བཟོ་བའི་ལས་དོན་ཐད་ཀྱི་བསམ་འཆར་གྲོས་གཞིར་མཉན་པ། བློ་མང་ཀུན་སྡུད་དང་ཚོགས་ཇུས་ཚོགས་ཤུགས་བཏོན་ནས། ཐུན་མོང་ཐོག་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་བཀོད། ཧྲིན་ཀྲང་དང་ཞིང་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་ཆུང་གི་ཚན་གཙོ་ལུའོ་ཏུང་ཁྲོན་ཚོགས་འདུར་ཕེབས།

ཚོགས་ཐོག་ནས། ཞིང་ཆེན་སྲིད་གཞུང་འཆར་འགོད་གཞུང་ལས་ཁང་གིས་ཞིང་ཆེན་ཏང་ཨུའི《གྲོས་གཞི》བཀོད་པའི་གོ་རིམ་དང་བསམ་བྱ་གཙོ་བོ། གཞི་རྩའི་སྒྲོམ་གཞི་བཅས་སྙན་ཞུ་ཕུལ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ། ན་གོར་མོ་གྲོང་ཁྱེར། གྲོ་ཚང་ས་ཁུལ། མདོ་ལ་རྫོང་། རྨ་སྟོད་རྫོང་བཅས་ཀྱིས་སོ་སོ་ནས་གཏམ་བཤད་བྱས། ཁོ་ཚོས་མགྲིན་གཅིག་ཏུ། ཞིང་ཆེན་ཏང་ཨུའི《གྲོས་གཞི》ཡིས་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་ལ་བསམ་གཞིག་གནང་བར་མཐའ་གཅིག་ཏུ་མོས་མཐུན་ཡོད་པར་མ་ཟད། རང་སའི་དངོས་ཡོད་ལ་རྐང་བཙུགས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བཏོན་པའི་བསམ་འཆར་གྲོས་གཞི་ལའང་མཐའ་གཅིག་ཏུ་མོས་མཐུན་ཡོད་པའི་བསམ་ཚུལ་བསྟན། ཝུའུ་ཞའོ་ཅུན་གྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་གསན་པ་དང་། སྐབས་དང་སྐབས་སུ་བརྗེ་རེས་བགྲོ་གླེང་གནང་སྟེ། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་ཟབ་མོ་དང་སྡུད་ལེན་ཕུན་སུམ་ཚོགས་པ་བྱ་དགོས་པའི་བླང་བྱ་བཏོན།

ཝུའུ་ཞའོ་ཅུན་གྱིས་འདི་སྐད། “ལོ་ལྔ་ཚན་བཅོ་ལྔ་པའི”སྐབས་ནི་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་ལོ་ལྔ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནི་མ་འོངས་པའི་ལོ་ལྔ་ཙམ་མ་ཟད། དེ་ལས་རིང་བའི་དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཡིན། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྡེ་ཁག་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཟབ་སློབ་མཐིལ་རྟོགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་མཚོ་སྔོན་གྱི་འཕེལ་རྒྱས་ལ་འཕྲད་པའི་ལོ་རྒྱུས་ཀྱི་གོ་སྐབས་ཡང་དག་པར་ཁོང་དུ་ཆུད་པ། ཏང་གི་གསར་གཏོད་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་རང་འགུལ་གྱིས་ཚད་སྡུར་རེའུ་སྡུར་བྱེད་པ། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིགས་ལམ་བྱེད་ཐབས་དང་ལས་འགན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བཀོད་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་ལེན་མཐའ་འཁྱོལ་བསྟར་བ་དང་མཚོ་སྔོན་གྱི་དངོས་ཡོད་དང་འཚམ་པ། མི་རིགས་སོ་སོའི་མང་ཚོགས་ཀྱི་རེ་འདུན་དང་བསྟུན་པའི་སྤུས་ཚད་མཐོ་བའི་འཆར་འགོད་ཅིག་བཟོ་ཐུབ་པར་ཁག་ཐེག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། སྐྱེ་ཁམས་སྔོན་འགྲོ་རྒྱུན་འཁྱོངས་དང་སྐྱེ་ཁམས་འཕེལ་རྒྱས་ལེགས་པོར་སྐུལ་འདེད་བཏང་ནས། རི་སྔོ་ཆུ་དྭངས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གྱི་གཞི་མདངས་གསལ་པོར་འགྱུར་དུ་འཇུག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་གཞིར་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་པ། ཤུགས་འདོན་ས་དང་ཐོད་བརྒལ་བྱེད་ས་ཡང་དག་པར་འཚོལ་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ཏེ། སོ་སོར་ཁྱད་ཆོས་ལྡན་པ་དང་དགེ་མཚན་གསབ་རེས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་འབད་པས་བསྐྱོད་དགོས། ཐུན་མོང་ཕྱུག་འགྱུར་ཞེས་པའི་སྤྱི་ཁོག་རང་བཞིན་གྱི་བླང་བྱ་འདི་རང་འགུལ་གྱིས་ཁོང་དུ་ཆུད་པར་བྱེད་པ་དང་། ལས་ཞུགས་སྔོན་འགྲོའི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ། ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། རྩ་ཕྱུང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་དུ་བརྟན་པོར་བསྐྱེད་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དྲང་སྙོམ་སྒོས་མི་རིགས་སོ་སོའི་མང་ཚོགས་ལ་ཕན་པར་འཇུག་དགོས། དམིགས་འབེན་དང་གནད་འགག་གི་འདེགས་སྐྱོར་ལུགས་མཐུན་གྱིས་བཟོ་བ་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་རྨང་གཞི། ཡུལ་ཁོངས་ཆ་རྐྱེན་བཅས་ལ་རྐང་འཛུགས་པ། རང་སྟེང་གི་འཕེལ་རྒྱས་ངེས་གནས་ཡང་དག་པར་འཚོལ་བ། ཞན་ཆ་གསབ་པ་དང་དགེ་མཚན་སྤེལ་བ། གཞི་རྩ་བརྟན་པ་དང་སྒུལ་ནུས་གསོག་པ་བཅས་ལ་དམིགས་པ། ཞིང་ཆེན་ཡོངས“ཇུས་སྐོར་གཅིག”ཡིན་པའི་འཕེལ་རྒྱས་རྣམ་པ་ཆགས་པར་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་སྔར་ལས་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།

ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཝུའུ་ལ་ཙེ་པའེ་ཁི་རའེ་སུའུ་ལི་ཧན། ལུའེ་ཀང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།