མཚོ་སྔོན་རྐང་ཚའི་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་ཀྱིས་མི་དམངས་ཕྱུག་འགྱུར་ཐད་གྲུབ་འབྲས་གསར་པ་བླངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གསར་འགོད་པས་རྐང་ཚ་རྫོང་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་རིང་རྫོང་འདིས་ལས་གཞི་འཛུགས་སྐྱོང་གཞི་བྱས་ནས་ཁྱོན་སྡོམ་མ་དངུལ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་བཏང་ནས་སྐྱེ་ཁམས་ལྟ་སྐོར། རིག་གནས་མྱོང་རོལ། ཡུལ་སྐོར་སོགས་ལས་ཀ་གཙོ་བོར་དམིགས་ནས་ཡུལ་སྐོར་ཐོན་རྫས་འདོན་སྤྲོད་ལ་ཤུགས་རྒྱབ་ནས་ཡུལ་སྐོར་ལྗོངས་ཁུལ་རྐྱང་བ་ནས་སྣེ་མང་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྒྱུར། དུས་སྐབས་འདིའི་རིང་གཙོ་བོ་གསེར་ཉ་ཁྱིམ་གཞིས་དང་མཚོ་འཁྱོལ་ཁུགས་ཀྱི་སྐྱེ་ཁམས་མྱོལ་རོལ་ཁུལ་སོགས་ལྗོངས་ཁུལ་གཙོ་བོའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཆེད་ལས་རང་བཞིན་གྱི་བྱ་ཚོགས་གཟིགས་སྟེགས་ལྔ་བསྐྲུན། དཔལ་དགེ་གྲོང་རྡལ་གྱི་གཙོད་གྲོང་རྡལ་དང་སྙན་ངག་གྲོང་རྡལ་སོགས་ཁྱད་ལྡན་གྲོང་རྡལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་དཀོན་ལོ་གོང་མ་སྡེ་བ་འཛུགས་སྐྱོང་བྱས་ནས་སྡེ་བ་རེ་ལ་ཐོན་རྫས་རེ་དང་གྲོང་རྡལ་རེ་ལ་ཁྱད་ཆོས་རེ་འཛོམས་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆགས་གཞི་གྲུབ་པར་བྱས། གངས་རི་མེ་ཏོག་ཡུལ་སྐོར་ཁམས་གསེང་སྡེ་བ་དང་ཡངས་པའི་རྩྭ་ཐང་གི་ཡུལ་སྐོར་ཁམས་གསེང་སྡེ་བ་སོགས་སྤུས་ཚད་བཟང་བའི་སྣེ་ལེན་ཁང་སོགས་ཀྱི་སྒྲིག་གཞི་ལེགས་པར་བསྐྲུན། མཚོ་སྔོན་པོའི་སྐྱེ་ཁམས་མྱོང་རོལ་ཡུལ་སྐོར་སོགས་ཡུལ་སྐོར་ལམ་ཐིག་མང་པོ་བཙལ་ནས་རྫོང་ཡོངས་ཀྱི་ལྗོངས་ཁུལ་དང་ ཁྱད་ལྡན་སྡེ་བ། རིག་གནས་མྱོང་རོལ་གནས་བཅས་ཕན་ཚུན་གཅིག་ཏུ་སྦྲེལ་ནས་གཞི་གཅིག་ཏུ་གྲུབ་པའི་ཡུལ་སྐོར་ཐོན་རྫས་མ་ལག་གྲུབ་པར་བྱས། དེ་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྱོང་ཤུགས་ཚད་ཆེ་རུ་གཏོང་བ་དང་ཞབས་ཞུའི་མ་ལག་ལེགས་སྒྱུར་བྱས་ཏེ། ཡུལ་སྐོར་བའི་མྱོང་སྣང་ཕྱོགས་ཡོངས་ནས་ཇེ་བཟང་དུ་བཏང་།

རིག་གནས་ཡུལ་སྐོར་མཉམ་འདྲེས་དང་སྐྱེ་ཁམས་ཀྱིས་མི་དམངས་ཕྱུག་པོར་བསྒྱུར་བའི་འཕེལ་རྒྱས་ཐབས་ལམ་ཧུར་ཐག་གིས་བཏོན་ནས་མི་རིགས་རིག་གནས་དང་སྐྱེ་ཁམས་རིག་གནས། ལོ་རྒྱུས་རིག་གནས་ཐོན་ཁུངས་བཅས་སྔོན་འདོན་ཟབ་མོ་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལྗོངས་ཁུལ་བཟོ་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཡུལ་སྐོར་བར་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་མྱངས་སུ་བཅུག  ལྗོངས་ཁུལ་གཙོ་བོ་དང་ཁྱད་ལྡན་སྡེ་བར་གཟུགས་འདས་ཤུལ་བཞག་རིག་གནས་མྱོང་རོལ་ཁུལ་བཙུགས་ནས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསབ་རེས་བྱེད་པ་དོན་ཐོག་ཏུ་སྨིན། རྐང་ཚའི་མཇལ་འཛོམས་སྐོར་གྱི་རིག་དངོས་ཐོན་རྫས་ལྔ་བཅུ་ལྷག་གསར་སྤེལ་བྱས་པ་དང་དེ་ལས་བཅུ་ལྷག་ཚོང་ར་ནས་ཕྱིར་འཚོང་བྱས་ལ། ཁ་ཤས་ལ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཚོང་རྫས་རིག་གནས་ཀྱི་གསར་སྐྲུན་ཚོགས་ཆེན་སྟེང་གསེར་གྱི་རྟགས་མ་ཐོབ་ནས་རིག་དངོས་ཐོན་རྫས་ཀྱི་ཕྱིར་འཚོང་ཐད་གྲུབ་འབྲས་གསར་བ་བླངས། ཁུལ་ཁོངས་ཡོངས་དང་དུས་ཚིགས་བཞིར་ཁྱབ་མཉམ་དུ་འཕེལ་རྒྱས་འགྲོ་བའི་དམིགས་འབེན་ལྟར། རྒྱལ་སྤྱིའི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་དང་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར། རྐང་རྒྱུགས་འགྲན་སྡུར། མཚོ་སྐོར་རྟ་རྒྱུགས་འགྲན་ཚོགས། མཚོ་དར་ལྷུང་བའི་དུས་ཚིགས། བྱ་ཚོགས་ལྟ་སྐོར་དུས་ཚིགས། ཉ་རིགས་ལྟ་སྐོར་དུས་ཚིགས་སོགས་བྱེད་སྒོ་སྤེལ་ནས་དུས་ཚུགས་ཁྱད་མེད་དུ་ཡུལ་སྐོར་ཚོང་རྟགས་བསྐྲུན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།