ཟླ11པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འཆར་ཟིན་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད《གྲོས་གཞིའི》གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར་དང་ཆུའུ་བཅས་ཀྱི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་དང་། རང་ཞིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་སྒྲིག་ལུགས་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་ནས། བློ་བསྡུས་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ། མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་དཔེ་རིས་འཆར་འགོད་བྱས། ཧྲིན་ཀྲང་། ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་འཆར་ཟིན་ཚན་ཆུང་གི་ཚན་གཙོ་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་། ཞིང་ཆེན་སྲིད་གཞུང་འཆར་འགོད་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཏང་ཨུའི《གྲོས་གཞིའི》འཆར་ཟིན་འགོད་པའི་བརྒྱུད་རིམ་དང་། བསམ་གཞིགས་གཙོ་བོ། གཞི་རྩའི་སྒྲོམ་གཞི་བཅས་སྙན་ཞུ་བྱས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ། དེ་མིན་ན་གོར་མོ་གྲོང་ཁྱེར་དང་། ལའོ་ཏུའུ་ཆུའུ། མདོ་ལ་རྫོང་། རྨ་སྟོད་རྫོང་བཅས་སོ་སོས་གཏམ་བཤད་པ་དང་། ཁོ་ཚོས་གཅིག་གྱུར་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི《གྲོས་གཞི》ཡིས་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་བསམ་གཞིགས་བྱས་པར་མཐའ་གཅིག་ཏུ་མོས་མཐུན་བྱུང་བ་མ་ཟད། ས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། མཉམ་དུ་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན། ཝུའུ་ཞའོ་ཅུན་གྱིས་ཚང་མས་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། མུ་མཐུད་དུ་བརྗེ་རེས་དང་གྲོས་བསྡུར་བྱས་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་གཏིང་ཟབ་ཏུ་བཏང་ནས་བསྡུ་ལེན་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།
ཝུའུ་ཞའོ་ཅུན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་སྟོབས་ཤུགས་འདོན་པའི་གནད་འགག་གི་ལོ་ལྔ་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ནི་མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་པོ་ཞིག་གི་ནང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་ལོ་རྒྱུས་ཀྱི་གོ་སྐབས་ཁོང་དུ་ཆུད་པར་བྱེད་པ། རང་རྟོགས་ངང་ཏང་གི་གསར་གཏོད་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་དང་དཔེ་བསྡུར་ཚད་བསྡུར་བྱས་ནས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས། ལས་འགན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པ། རིགས་སོ་སོའི་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པའི་སྤུས་ཚད་མཐོ་བའི་འཆར་འགོད་འདོན་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བར་ཕྱོགས་སྟོན་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཛིན་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་བཏང་སྟེ། རི་སྔོ་ཆུ་དྭངས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མངོན་གསལ་དོད་པའི་རྨང་གཞི་ཞིག་ཏུ་འགྱུར་བར་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཤུགས་རྒྱག་ས་དང་འགག་སྒྲོལ་གནས་ཡང་དག་བཙལ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱས་ནས། རང་རང་གི་ཁྱད་ཆོས་དང་ཁྱད་སྟོབས་གསབ་རེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་ཧུར་ཐག་གིས་གཏོད་དགོས། ཐུན་མོང་ཕྱུག་པོར་འགྱུར་བའི་སྤྱི་ཡོངས་རང་བཞིན་གྱི་བླང་བྱ་རང་འགུལ་ངང་ཁོང་དུ་ཆུད་པ་དང་། ལས་ཞུགས་སྔོན་ལ་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་དང་། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་མུ་མཐུད་སྲ་བརྟན་དུ་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ་ཏུ་འཇུག་དགོས། དམིགས་འབེན་དང་འགག་རྩའི་འདེགས་སྐྱོར་ལུགས་མཐུན་བྱས་ཏེ། ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་རྨང་གཞིའི་འཕེལ་རྒྱས། གནས་ཡུལ་གྱི་ཆ་རྐྱེན་བཅས་ལ་གཞི་ཚུགས་ནས། རང་ངོས་ཀྱི་འཕེལ་རྒྱས་ངེས་གནས་ཡང་དག་པར་བཙལ་ནས། ནུས་ཤུགས་ཡོད་རྒུས་ཞན་ཆ་ཁ་གསབ་དང་ཁྱད་སྟོབས་དར་སྤེལ། རྨང་གཞི་སྲ་གཏོང་། འགུལ་ནུས་གསོག་འཇོག་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི“བསམ་བཀོད་གཅིག་གི”འཕེལ་རྒྱས་ཀྱི་རྣམ་པ་ཆགས་པ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་སྲ་བརྟན་ཞིག་འཛུགས་དགོས་པ་ནན་གྱིས་བསྟན།
ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁི·རུ་སུའུ་ལི་ཧན། ལིའུ་ཀང་བཅས་ཚོགས་འདུར་ཞུགས།