ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ། ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བེད་སྤྱོད་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན་པ་དང་། ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ན་གཞོན་རྒྱ་རིག་པ་མཁས་ཅན་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་འབྲེལ་མཐུད་གང་ལེགས་བྱས་ཏེ། མཚོ་རྒྱུད་ཞིང་ཆེན་གྱི་ཐོན་ལས་མཉམ་ལས་མུ་མཐུད་རྒྱ་སྐྱེད་བཏང་སྟེ། སྔར་ལས་རང་འགུལ་སྒོས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་ཞབས་འདེགས་ཞུ་དགོས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ་དང་ཐོན་སློབ་ཞིབ་འཇུག་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་གྱི“གནས་གཞིའི”རང་བདག་ཡིན་པའི་ལྗང་མདོག་དང་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། རྒྱལ་སྤྱིའི་འགྲེམས་སྟོན་དང་ན་གཞོན་རྒྱ་རིག་པ་མཁས་ཅན་གྱི་གླེང་སྟེགས་སོགས་བརྒྱུད་དེ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་འཆད་ནས། མཐོ་རིམ་སློབ་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་དང་རིག་གཞུང་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་རིག་གནས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་མུ་མཐུད་ཇེ་ཆེར་གཏོང་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། སྐྱེ་ཁམས་སྲུང་སྐྱོབ་ལ་དམ་པོར་དམིགས་ཏེ་ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་ནན་མོ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་འཛུགས་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་ཁྲིམས་སྐྱོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཤུགས་ཇེ་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་དམ་པོར་དམིགས་ཏེ་བཅོས་སྐྱོང་གི་ཕན་ནུས་ཇེ་ཆེར་གཏོང་བ་དང་། ཁྲིམས་སྐྱོང་བགྲོད་ལམ་སྟེང་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་བཏང་སྟེ། ཁྲིམས་ལྟར་སྲིད་འཛིན་དང་སྤྱོད་གཙང་སྲིད་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་སྟེང་དུ། ཟླ11པའི་ཚེས14ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། ཚོགས་འདུས་བསྟན་དོན། འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“གཙོ་གནད་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མཁོ་སྤྲོད་དང་དགོས་མཁོ་ཡི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་ནས་སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་སྐྱེད་སྲིང་བྱེད་པ། ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱས་ནས། འཛད་སྤྱོད་ཀྱི་སྦས་ཤུགས་སྔར་ལས་སྔོག་འདོན་བྱ་དགོས། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་མཐུན་ཞིང་མི་དམངས་ཀྱི་རེ་ལྟོས་དང་མཐུན་པ། བྱེད་ནུས་ཀྱི་ངེས་གནས་མངོན་པ། མཚོ་སྔོན་གྱི་ཁྱད་ཆོས་མངོན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་རྒྱུར་ཤུགས་བསྣན་ཏེ། སློབ་གསོའི་སྟོབས་ལྡན་ཞིང་ཆེན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་རིམ་པའི་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུའི་བླང་བྱ་དོན་འཁྱོལ་བྱས་ནས། “ཡོ་བསྲང་དྲུག”གི་བླང་བྱ་དང་བསྡུར་བ་བྱས་ཏེ། ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”ལ་དམ་པོར་དམིགས་ནས་སྲིད་ཇུས་དང་ཞབས་ཞུ། འདེགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་སྟེ། མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ལྡན་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི〈རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས“ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”གཙོ་གནད་ལས་རིམ་གྱི་རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་དུ་མ།》དང་། 《“ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”2025ལོའི་ལོ་འཁོར་གྱི་གཙོ་གནད་ལས་རིམ་གྱི་གསལ་ཐོ་ཁག་གཉིས་པ།》《མཚོ་སྔོན་ཞིང་ཆེན་གྱི་སྦགས་བཙོག་དངོས་པོ་གཙོ་བོའི་ཕྱིར་འབུད་བྱེད་དབང་རིན་དོད་ལྡན་པའི་སྒོ་ནས་བེད་སྤྱོད་དང་ཉོ་ཚོང་དོ་དམ་བྱེད་ཐབས།》《མཚོ་སྔོན་ཞིང་ཆེན་གྱིས་ཚོང་རར་ཞུགས་འཐུས་ཀྱི་ལྡོག་ཕྱོགས་རྩིས་ཐོའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་དུ་མ།》བཅས་ལ་གྲོས་ཞིབ་བྱས་ནས་རྩ་དོན་གྱི་སྟེང་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།