གྲུབ་འབྲས་གྱིས་གཏམས་པའི་ལོ་ལྔའི་འཆར་གཞི་བཅུ་བཞི་པ།

ཡོང་ཁུངས། མཚོ་ལྷོ་ཁུལ་སྨྱན་སྦྱོར་ལྟེ་གནས།

2025ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་ཏེ། འདས་པའི་ལོ་ལྔ་ནི་མཚོ་སྔོན་ཞིང་ཆེན་གྱིས་འབད་བརྩོན་ལྷོད་མེད་སྒོས་འོད་སྟོང་འབར་བའི་གྲུབ་འབྲས་བླངས་ཡོད་པའི་ལོ་ལྔ་ཡིན་ལ།མཚོ་ལྷོ་ཁུལ་གྱིས་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་ལོ་ལྔའང་ཡིན། 

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནང་། མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་བཟུང་ལ། ཁུལ་གྱི་གལ་འགངས་ཆེ་བ་དང་སྣ་མང་ཡིན་པ།མཛེས་སྡུག་ལྡན་པ།བཟང་ཆ་མང་བོའི་གནས་བབས་ལ་བརྟེན།སྤྱི་ལེ་གྲུ་བཞི་མ་ཁྲི4.45ཡོད་པའི་ས་ཆེན་འདིའི་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་ཁ་བསྒྱུར་བ་རེད།

འདས་པའི་ལོ་ལྔ་ནི་ལོ་ཟླའི་བརྒྱུད་རིམ་ཁྲོད་སྐད་ཅིག་ཙམ་ཡིན་མོད། ས་ཁུལ་ཞིག་ལ་མཚོན་ན། ཐོད་བརྒལ་འཕེལ་རྒྱས་ཀྱི་ངོ་མཚར་ལེའུ་རྩོམ་པའི་དུས་ཤིག་ཡིན།    

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་མཇུག་བསྒྲིལ་ལ་ཉེ་བའི་དུས་འདིར་ཕྱིར་མིག་ཅིག་བལྟས་ཚེ། མཚོ་ལྷོ་ཁུལ་ལ་མཚོན་ན།    འབད་བརྩོན་ལྷོད་མེད་དང་བློ་རྩ་བརྟན་པོས་མདུན་དུ་བསྐྱོད་པའི་ལོ་ལྔའང་ཡིན།

མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ཆོག་མཆན་ཐོབ་པ་དང་།འཛམ་གླིང་གི་ཤོང་ཚད་ཆེ་ཆེས་པའི་འོད་བསྡུ་གླིང་ཁུལ་དང་ཆུ་འོད་གློག་འདོན་ས་ཚིགས་འཛུགས་སྐྲུན། འོད་བསྡུ་དང་ཕྱུགས་སྐྱོང་གི་ལས་རིགས་ལག་ཏུ་བསྟར་བ། རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་སྒོ་སྒོར7038སླེབས་པ་དང་། ལོ་ལྔའི་རིང་ལ། མཚོ་ལྷོ་ཁུལ་གྱིས་དེ་འདྲའི་གྲུབ་འབྲས་བླངས་པ་ནི་ལས་སླ་མོ་ཞིག་མ་ཡིན་པར།རྙོག་འཛིང་གི་ཁོར་ཡུག་དང་དཀའ་ཚེགས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཁྲོད།མཆོང་སྐྱོད་ཀྱིས་མདུན་བསྐྱོད་དང་ཐོད་བརྒལ་གྱི་འཕེལ་རྒྱས་ལས། སྤྱི་ཚོགས་ལ་འཁོར་རྒྱུགས་ཆེ་ལ། དཔལ་འབྱོར་ལ་གསོན་ཤུགས་རྒྱས་པ། མང་ཚོགས་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་པ་གསར་པ་མངོན་ཡོད།

འདས་ཟིན་པའི་ལོ་ལྔའི་རིང་མཚོ་ལྷོའི་ལས་རིགས་སོ་སོར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་དེ།དཔལ་འབྱོར་འཁོར་བསྐྱོད་ལ་གསོན་ཤུགས་རྒྱས་པར་བལྟས་ན།  བརྟན་བརླིང་ཁྲོད་ཡར་འཕར་འགྲོ་བའི་རྣམ་པ་མངོན་ཡོད་དེ།ཐོན་ལས་གསུམ་དར་སྤེལ་དང་ཐོན་སྐྱེད་སླར་གསོ།འཛད་སྤྱོད་གོང་འཕེལ།དམངས་ཚིས་ལེགས་བསྒྱུར་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད།

སྤུས་ལེགས་ཐོན་ལས་གྱི་ཕྱོགས་ནས་བལྟས་ན། མཚོ་ལྷོ་ཁུལ་གྱིས་ཐོན་ལས་གནས་བཞི་དེ་རིག་ནུས་ཅན་དང་ལྗང་མདོག་ཅན། རྩེར་སོན་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བར་ནུས་ཤུགས་ཆེན་པོ་བཏོན་ཡོད།

འཕེལ་རྒྱས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་ན། རེས་སྐོར་གསར་པའི་ནོར་ཁྲལ་ལམ་སྲོལ་སྒྱུར་བཅོས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་།ཁྲོམ་རའི་འཁོར་རྒྱུགས་ལ་མུ་མཐུད་དུ་གསོན་ཤུགས་རྒྱས་ཡོད།

མཚོ་ལྷོ་ཁུལ་གྱིས་ནུས་ཁོངས་གཙང་མ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ལ་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་ཕྱོགས་སུ་བསྐྱོད་དེ།གོ་ལ་ཧྲིལ་བོའི་ཐན་སྐྱོན་ས་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་དམངས་ཚིས་ལེགས་བསྒྱུར་མཉམ་སྒྲུབ་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ལ།དཔེ་མཚོན་དེ་ནི་མཚོ་ལྷོ་ཁུལ་གྱི་ལག་ལེན་ཁྲོད་བྱུང་བའི་འོད་བསྡུའི་ཕན་ནུས་གསར་པ་ལས་བྱུང་བ་སྟེ། བྱེ་ཐང་དུ་ཉི་ནུས་ཤེལ་ལེབ་འོག་ལྗང་མདོག་གི་སྐྱེ་སྟོབས་འབར་བའི་ངོ་མཚར་བྱས་རྗེས་མངོན་ཡོད།    

གཞི་གྲངས་ནི་འཕེལ་རྒྱས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་སྟེ། 2024ལོར་མཚོ་ལྷོའི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར24.63ལ་སླེབས་པ་དེའི་ནང60%ནི་ནུས་ཁུངས་གཙང་མའི་ཐོན་ལས་ཡིན་ལ། 2025ལོའི་ལོ་སྟོད་ཁོ་ནར་བལྟས་ཡོང་ན།མཚོ་ལྷོ་ཁུལ་གྱིས་ས་ཁོངས་ཀྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར86.18ལ་སླེབས་ནས་སྔོན་ལོ་དང་བསྡུར་ན2.9%འཕར།  ལོ་ཧྲིལ་བོར་ལས་གཞི་གལ་ཆེན་རིགས233ལག་བསྟར་བྱས་ཏེ་སྤྱིའི་མ་དངུལ་སྒོར་དུང་ཕྱུར230ལས་བརྒལ་བ་དེའི་ནང་ལྗང་མདོག་རྩིས་ཤུགས་དང་སྐྱེ་ཁམས་སྲུང་སྐྱོང་། ནུས་ཁུངས་གཙང་མ།རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་དྲུག་ཚུད་ཡོད།    

མིག་སྔའི་བར།  མཚོ་ལྷོ་ཁུལ་གྱི་ནུས་ཁུངས་གཙང་མའི་དྲ་སྦྲེལ་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་ཁྲི3139སླེབས་པ་དང་།གློག་ཤུགས་ཀྱི་ཐོན་ཚད་སྟོང་ཝ་དུང་ཕྱུར334མངོན་འགྱུར་བྱུང་། ཕྱིར་གཏོང་ལྗང་མདོག་གློག་ཤུགས་ཀྱི་ཐོན་ཚད་སྟོང་ཝ་དུང་ཕྱུར323ཤར་གཏོང་ཐུབ་པས།མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་ཇེ་ལེགས་སུ་གཏོང་བར་སྟོབས་ཤུགས་ཆེན་པོ་ཕུལ་ཡོད།      

མཚོ་ལྷོ་ཁུལ་དུ་ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ཤུགས་མཉམ་སྡེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ཡོད་དེ།  ནུས་ཁོངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ་དང་།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་བཏང་ཡོད།

ཟླ9པའི་ཚེས26ཉིན། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོ་ལྷོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་།མཚོ་ལྷོ་ཁུལ་གྱིས་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་རེའུ་མིག་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་ཆེ་ཤོས་ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས199དང་། གནས་རྟགས་ཐོན་རྫས3།མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པ7གྱི་ཁེ་དབང་ར་སྤྲོད་བྱས་ཡོད་པ་རེད།    

ལུག་ནག་དང་ཉ་སལ་མོན། འོད་བསྡུ་ལུག་སོགས་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གྱི་སྤུས་རྟགས་དར་སྤེལ་གཏོང་བར་བརྟེན་ནས་དཔལ་འབྱོར་སྟོབས་ཆེར་བཏང་ལ། ཐོན་ཁུངས་དང་ཐོན་རྫས། ཕྱིར་འཚོང་། སྤུས་རྟགས་བཅས་ཀྱི་ཕྱོགས་བཞིར་ཤུགས་བཏོན་ནས། ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་བསྩལ།

མཁར་ཤང་ལ་སྔར་ལས་འགྱུར་ལྡོག་ཆེན་འབྱུང་སྟེ་སྤྱི་གླིང་ཇེ་མང་།ཡུལ་ལྗོངས་ཇེ་མཛེས། ཐོག་བརྩེགས་ཇེ་མཐོ། གྲོང་ཁྱེར་ཇེ་ཆེར་ཕྱིན་པ་དང་། སྡེ་བ་གནས་གསར་པར་སྤར་རྗེས།ཁོར་ཡུག་གྲལ་དག་ཏུ་སོང་པ་དང་མི་ཚང་མའི་སེམས་ཁམས་ཇེ་སྐྱིད་ནས་ཇེར་སྐྱིད་དུ་སོང་ཡོད།

མཁར་ཤང་གི་འཕེལ་རྒྱས་ལས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་མདུན་བསྐྱོད་ཀྱི་གོམ་སྟབས་མཚོན་ཐུབ་ལ།མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་དང་སྡོད་ཁང་ལ་ཉིན་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་པ་ར་སྤྲོད་བྱས་ཡོད།

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་། མཚོ་ལྷོ་ཁུལ་གྱིས་བསྡོམས་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞི30ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར12.56བཏང་བ་དང་། ཁོར་ཡུག་གི་དམིགས་ཚད་ལ་འགྱུར་ལྡོག་བྱུང་ནས་སྐྱེ་ཁམས་ཀྱི་ཕན་ནུས་གྲོང་ཁྱེར་མཛེས་བཟོ་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་ཁྱབ་ཁོངས་མང་པོའི་ཕྱོགས་སུ་བསྐྱོད་བཞིན་ཡོད།

ད་ལོའི་ལོ་སྟོད་ལ་རང་ཁུལ་གྱི་མཁའ་དབུགས་ལ་ཞིབ་བཤེར་ཚད་ལེན་བྱས་པ་བརྒྱུད་ནས་ཚད་ལྡན་དམིགས་ཚད་དུ་སླེབས་པས།རིགས་སོ་སོའི་མང་ཚོགས་ཀྱིས་ཆེས་གཙང་བའི་མཁའ་དབུགས་ལོངས་སུ་སྤྱོད་ཐུབ་པ་བྱུང་།

ལས་གཞི་མང་པོ་ཞིག་ལག་བསྟར་བྱས་པ་བརྒྱུད་མཁར་གྲོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། ལོ་ལྔའི་རིང་། མཚོ་ལྷོས་སྲིད་ཇུས་བཟང་བོའི་གོ་སྐབས་དམ་འཛིན་དང་མ་དངུལ་ཆེར་གཏོང་གི་ལས་གཞི་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་པ་བརྒྱུད། མཁར་ཤང་འཕེལ་རྒྱས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།  

གཙན་ཚ་ནས་རིག་སྨོན་བར་དང་གུང་ཧོ་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་བྱས་ཏེ།    ཁུལ་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ12823ལ་ཐོན་ཡོད་ལ། གྲོང་བརྡལ་དང་སྲིད་འཛིན་སྡེ་བའི་བགྲོད་ལམ་གྱི་ཤར་གཏོང་ཚད100%ལ་སླེབས། གཞུང་ལམ་དྲ་བའི་གྲུབ་ཚུལ་ཇེ་ལེགས་ནས་ལེགས་སུ་ཕྱིན་ཏེ་མང་ཚོགས་ཀྱི་འགྲོ་བསྐྱོད་ལ་དེ་བས་སྟབས་བདེ་བཟོས།    

རྐ་རྒན་ནས་བར་དབོན་སོགས་ཆུ་མཛོད་དང་ཆུ་རྐའི་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱས་པ་དང་།    ལ་ཟེ་བའི་རྐ་ཆུ་དང་ཞིན་ཧེ་རྫོང་གི་ལྷོ་རྒྱུད་ཤང་གསུམ་གྱི་འཐུང་ཆུ་སོགས་དམངས་ཚིས་ཆུ་བེད་བཟོ་སྐྲུན་ཁག་གཅིག་ལེགས་འགྲུབ་བྱུང་སྟེ་སྤྱོད་མགོ་ཚུགས་པས།    མང་ཚོགས་ཁྲི32.93ཡི་འཐུང་ཆུའི་གནད་དོན་དང་རྨོ་ཞིང་མུའུ་ཁྲི66.7ལ་ཡུར་ཆུ་འདྲེན་པར་ཁག་ཐེག་བྱས།

གྲོང་གསེབ་ཀྱི་གློག་དྲའི་སྐུད་ལམ་བརྗེ་སྤོར་དང་ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གཉིས་ཀྱི་གློག་དྲའི་སྐུད་ལམ་འཐེན་ནས་རོང་འབྲོག་ཁྱིམ་ཚང་ཁྲི5.8ཡི་གློག་སྤྱོད་དཀའ་པའི་གནད་དོན་ཐག་གཅོད་བྱས།   

གུང་ཧོ་རྫོང་མཁར་བྱང་ཁུལ་གསར་དང་ཐུན་ཏེ་རྫོང་མཁར་གསར་ཁུལ་གྱི་སྒྲིག་ཆས་འཐུང་ཚང་དུ་བཏང་སྟེ།མཛེས་པའི་མཁར་གྲོང་དང་མཛེས་པའི་ཤང་སྡེ264བསྐྲུན་པ་དང་། སྤྱིལ་ཁྱིམ་ཁུལ་དུ་ཁང་པ7661དང་རོང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ཞན་པ་དང་ཉེན་ཁ་ཆེ་བའི་ཁང་རྙིང་ཁྲི5.2བཅས་བསྐྱར་ལས་བྱས།

མཚོ་ལྷོ་ཁུལ་མཁར་གྲོང་གསར་པ་དང་ཤང་སྡེ་གསར་པའི་འཛུགས་སྐྲུན་གྱི་ལམ་ཁར་བསྐྱོད་དེ། ཐོན་སྐྱེད་དང་འཚོ་བ།སྐྱེ་ཁམས་ཕན་ཚུན་མཉམ་འདྲེས་བྱས་ཏེ། བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱིས་མཉམ་སྤྱོད་བྱས་ཤིང་། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསྒྱུར་བཅོས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་གྱི་ལམ་བུའི་སྟེང་བསྐྱོད་བཞིན་ཡོད།

ཕན་བདེ་མཉམ་སྤྱོད་ཀྱིས་དམངས་ལ་སྔར་ལས་བདེ་སྐྱིད་ཐོབ་ཡོད་དེ།ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱིས་མཚོ་ལྷོའི་དཔལ་འབྱོར་གྱི་སྤྱིའི་འཕར་ཚད་མཐོ་རུ་ཕྱིན་ཡོད་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཡིན་པའི་ཁེ་ཕན་བསྐྲུན་ཡོད།

ལོ་འགའི་ཡར་སྔོན་དུ། གུང་ཧོ་རྫོང་ཐེ་ཀེ་ཤང་གི་རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་ཟོག་གི་བཟའ་ཆས་མི་འདང་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་མོད།ད་ལྟ་འོད་བསྡུ་གླིང་ཁུལ་གྱི་སྟོང་ལུག་མང་པོར་ཤ་ཤེད་རྒྱས་ཏེ་དམངས་ཀྱི་དཀའ་ཁག་སེལ།

རིག་གནས་ཡུལ་སྐོར་མཉམ་འདྲེས་གྱིས་རིགས་སོ་སོའི་མང་ཚོགས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་དེ།ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་རྐ་རྒན་མཛེས་ལྗོངས་ཁུལ་དུ་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བཞིན་པའི་བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར།ཡུལ་སྐོར་བ་མང་པོ་རྐ་རྒན་མཛེས་ལྗོངས་ཁུལ་དུ་ཡོང་ནས་མི་རིགས་ཀྱི་རིག་གནས་ཉམས་ལེན་དང་ཞིང་ཁྱིམ་ཟས་རིགས་ཀྱི་བྲོ་བ་མྱོང་བཞིན་ཡོད་པས། སྡེ་མི་ཚོའི་ཡོང་སྒོ་འཚོལ་བར་ཡིད་ཆེས་ཆེན་པོས་ཁེངས་ཡོད་ཟེར།   

དམངས་ཚིས་ཕྱོགས་ལ་བསྒྲུབས་པའི་བྱ་བ་ཆུང་ཤོས་དག་ལས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བདེ་སྐྱིད་ལྡན་པ་མཚོན་ཐུབ།མ་བསམ་ས་ནས་སྒོར་མོ་འདི་འདྲའི་མགྱོགས་པར་བྱང་བུའི་ནང་ཐོན་འདུག ད་དུང་ཆེད་དུ་ཁ་པར་བཏང་ནས་གསལ་འདེབས་བྱས་སོང་བས། ངོ་མས་དཀའ་དྲིན་ཆེ་འདུག་ཟེར་ནས་རིན་ཆེན་གྱིས་ཁ་པར་འཇོག་ཞོར་དགའ་སྤྲོའི་ངང་དེ་ལྟར་བཤད།

ཁུལ་སྨན་བཅོས་འགན་སྲུང་ཅུའུ་ནས་ཐོན་པའི་ཁ་པར་དེའི་རིན་ཆེན་ཚེ་རིང་གི་སེམས་ལ་དཀའ་སྤྲོས་ཁེངས་སོང་ལ།ཁོས་སྨན་བཅོས་འགན་སྲུང་གི་དངུལ་དུས་ལྟར་སྤྲད་ནས། ཁྱིམ་མི་ཡོངས་ཀྱི་བདེ་ཐང་ལ་འགན་ལེན་ནན་མོ་བྱས་ཡོད།    

ལས་ཞུགས་ནི་དམངས་ཚིས་གཞི་རྩ་ཡིན་ཏེ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ནང། མཚོ་ལྷོ་ཁུལ་གྱིས་ཐོན་ལས་དང་ཁེ་ལས།ལས་ཞུགས་བཅས་ཀྱི་ལས་རིགས་གསུམ་མཉམ་འབྲེལ་བྱས་ཏེ།ལས་ཞུགས་ལ་གོ་སྐབས་སྐྲུན་པ་དང་ལས་རྐང་ཚད་ལྡན་ཅན་ཏུ་བསྒྱུར་པའི་རྣམ་པ་གསར་པ་ཆགས་ཡོད།

སློབ་གསོ་ནི་དམངས་ཚིས་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས།མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་ལ་འབྲེལ་བ་དམ་པོ་ཡོད་པས། གུང་ཧོ་རྫོང་སློབ་འབྲིང་གི་ལས་གཞི་འཛུགས་སྐྲུན་དང་ཐུན་ཏེ་རྫོང་རྨ་བྱང་ཤང་དབྱི་ཕུའུ་སློབ་གྲྭའི་ཞིག་གསོའི་ལས་གཞི། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དཔེ་མཛོད་ཁང་བསྒྱུར་བཀོད་ལས་གཞི་བཅས་ལག་བསྟར་བྱས་པ་དང་།  ས་གནས་གཞན་དུ་སློབ་གཉེར་བྱེད་པའི་ལས་སྒོ་སྤེལ་དེ་སློབ་བུ་ཚོས་ནང་ལོག་ཏུ་སློབ་གྲྭ་འགྲིམ་པའི་རྨི་ལམ་མངོན་འགྱུར་བྱུང་ཡོད།

ལོ་ལྔའི་ནང་མཚོ་ལྷོ་ཁུལ་གྱིས་འགྲུབ་འབྲས་བཟང་བོ་བླངས་ཡོད་དེ། འགྲུབ་འབྲས་དེ་ནི་འདི་ལྟར་མཇུག་སྒྲིལ་བ་ཞིག་གཏན་ནས་མ་ཡིན་པར་རླབས་རྒྱུན་དྲག་ཏུ་འཕྱོ་བ་བཞིན། འབད་འཐབ་ཀྱི་སེམས་ཤུགས་ནམ་ཡང་ཡལ་བ་མེད་པར། ལོ་རྒྱུས་གསར་པ་ཞིག་གི་མགོ་ཡང་བསྐྱར་རྩོམ་དུས།མཚོ་ལྷོ་ཁུལ་གྱིས་སྔར་ལས་བློ་སྤོབས་ཆེན་པོ་དང་སྔར་ལས་གཟབ་ནན་གྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་ཕྱོགས་སུ་གོམ་སྟབས་བསྐྱོད་དེ། འཕེལ་རྒྱས་ཀྱི་རྗེས་སུ་སྙེག་པའི་འགྲུལ་བཞུད་སྟེང་སྔོན་བསྐྱོད་བརྩོན་ལེན་བྱས་ཏེ།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་གསར་པ་ཞིག་ཡང་བསྐྱར་རྩོམ་རྒྱུར་འབད་བཞིན་མཆིས། །
 

 གསར་འགོད་པ། བུ་མོ་མཆོག དོན་འགྲུབ་སྒྲོལ་མ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།