
ལོ16ལ་སོན་པའི་ལོ་དེར་འཚོ་བ་རྟེན་བྱེད་ལག་ཤེས་སྣ་གཅིག་སྦྱང་ཆེད། ཚེ་དཔལ་རྡོ་རྗེ་ཡིས་རང་སྡེ་བའི་ཤིང་བཟོ་དགེ་རྒན་དུ་བསྟེན་ཏེ་ཤིང་བཟོའི་ལག་ཤེས་ལ་བློ་རིག་སྒྲིམ་ནས་བསླབས། ཐོག་མར་ཤིང་འདྲ་སྟངས་ནས་མགོ་བརྩམས་ཤིང་། ཕྱིས་སུ་རི་མོ་སྣ་ཚོགས་རྐོ་ཚུལ་སྦྱངས་པ་ལ་ལག་མགྱོགས་ཤིང་རྩལ་ལ་བྱང་ཆུད་པ་བྱུང་བས། ཅང་མ་འགོར་བར་དགེ་རྒན་གྱི་རྗེས་འབྲངས་ནས་ལས་ཀར་ཞུགས་ཤིང་། རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་ཡོང་སྒོ་བཙལ། དུས་ཀྱི་འཁོར་འགྲོས་ཁྲོད་ལག་ཤེས་ལ་སྦྱོང་བ་ལྷོད་མེད་བྱས་མཐར། ཚེ་དཔལ་རྡོ་རྗེ་ཤིང་བཟོ་ལག་ཤེས་ཡོངས་ལ་རང་རྐྱ་ཐུབ་པར་གྱུར་ནས་ལས་གཞི་འགན་ལེན་གྱི་མགོ་བརྩམས། ལོ་དུ་མའི་རིང་ལ། ཁོས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ལས་གཞི་འགན་དུ་བླངས་ནས་སྒྲུབ་པར་མ་ཟད། ཀན་སུའུ་དང་སི་ཁྲོན། བོད་ལྗོངས་ལ་སོགས་སུ་བསྐྱོད་དེ་གཅན་ཚའི་ཤིང་བཟོའི་འཇོན་ཐང་ངོམ། ལས་ཀ་ཡོད་དུས་ཉིན་གཅིག་ལ་སྒོར་ལྔ་བརྒྱ་དྲུག་རྒྱ་རེ་བཙལ་ཐུབ། ལོ་འདི་དག་རིང་ལ། ངས་སྔ་རྗེས་སུ་སློབ་མ120ལྷག་བསྡུས་པ་ཡིན། དེའི་ནང་ཕོ་མོ་གཉིས་ཀ་ཡོད། དེ་ལས་ན་ཆེས་ཕྲ་བ་ལོ20ལྷག་ཙམ་ཡིན། ན་གཞོན་འདི་འདྲ་མང་པོས་སྲོལ་རྒྱུན་གྱི་ཤིང་བཟོའི་ལག་ཤེས་སློབ་འདོད་ཡོད་པའི་ཚུལ་མཐོང་ན། སེམས་པ་དྲོ་དྲོ་ཞིག་བྱུང་ཞེས་ཚེ་དཔལ་རྡོ་རྗེས་བཤད།

ཤིང་བཟོས་བརྐོས་པའི་འབྲུག་རིས།
ཤིང་བཟོའི་ལག་རྩལ་དེ་གཙན་ཚ་རྫོང་དུ་ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་རྒྱུན་འཛིན་བྱས་ཡོད་དེ། ཆུང་བ་ཁྱིམ་ཆས་སུ་རྐོས་པའི་མེ་ཏོག་ནས་ཆེ་བ་ཤིང་ཁང་བསྐྲུན་པའི་བར་དུ་ཧ་ཅང་དར་ཁྱབ་ཆེ། མིག་སྔའི་བར་གཅན་ཚ་རྫོང་དུ་སྲོལ་རྒྱུན་བོད་ལུགས་ཤིང་ཁང་དང་། ཤིང་རྐོས་རི་མོ། ཚོན་རིས་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྒྱུན་འཛིན་པ་ཁྱོན14ཡོད་ཅིང་། དེའི་ནང་ཞིང་ཆེན་རིམ་པའི་མཚོན་བྱེད་རྒྱུན་འཛིན་པ1དང་། ཁུལ་རིམ་པའི་མཚོན་བྱེད་རྒྱུན་འཛིན་པ2། རྫོང་རིམ་པའི་མཚོན་བྱེད་རྒྱུན་འཛིན་པ11བཅས་ཚུད་ཡོད། ན་ནིང་ཚེ་དཔལ་རྡོ་རྗེ་རྐོ་རིས་ལག་རྩལ་བྱང་ཆུབ་པར་བརྟེན་རྨ་ལྷོ་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ལས་གཅན་ཚའི་བོད་ལུགས་ཤིང་རྐོས་ལག་རྩལ་གྱི་མཚོན་བྱེད་རྒྱུན་འཛིན་པར་བདམས།
སྲོལ་རྒྱུན་གྱི་ལག་རྩལ་དེ་རྒྱུན་འཛིན་དང་དར་སྤེལ་གཏང་ཆེད། གཅན་ཚ་རྫོང་གིས“སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཞབས་ཞུ་གནད་འཁེལ། སྤུས་རྟགས་གསོ་སྐྱོང”བཅས་ཀྱི་སྡེབ་སྒྲིག་བྱེད་ཐབས་སྤྱད་དེ། སྤྱི་ཕན་རང་བཞིན་གྱི་ལས་གནས་དང་། རྩལ་ནུས་གསོ་སྦྱོང་། སྤྱི་པའི་ཞབས་ཞུ་བྱེད་སྒོ་བཅས་བརྒྱུད་གཙོ་གནད་ཐོག“གཅན་ཚའི་ཤིང་བཟོ”ཡི་ངལ་ལས་སྤུས་རྟགས་བསྐྲུན་པར་མ་ཟད། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ10རུ་བསྐྱོད་དེ་ཤིང་བཟོ་ཁེ་ལས7གྱི་བར་ལ“སྲིད་ཇུས་དྲིལ་སྒྲོག་དང་། རྩལ་ནུས་མཐོར་འདེགས། ལས་ཞུགས་སྐྱེལ་འདྲེན་གསུམ་སྦྲེལ་བའི”མཉམ་ལས་ལམ་སྲོལ་བཙུགས། ཐིན་ཅིན་གྱི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག ད་ལོར་གཅན་ཚ་རྫོང་གིས་ཤིང་བཟོའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་གཉེར་བ་དང་། ཤིང་བཟོའི་ལས་ཀ་གཉེར་མཁན་དང་ཤིང་བཟོ་ལས་རིགས་གཉེར་འདོད་ཡོད་པའི་ངལ་རྩོལ་པ70ལྷག་ལ་མ་ལག་ཅན་དང་ཆེད་ལས་ཅན་གྱི་གསོ་སྦྱོང་བྱས།
ཤིང་བཟོའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་སྟེ། ཤིང་མཁར་གྲོང་ཚོའི་གྲོང་མི་ཕྱུག་མོ་འཚོ་ཡིས་འདི་སྐད། “ཉིན་བཅུ་ལྷག་གི་གསོ་སྦྱོང་ཁྲོད་ངས་སྲོལ་རྒྱུན་གྱི་ཤིང་བཟོའི་ལག་རྩལ་ལ་སློབ་སྦྱོང་བྱས་པ་ཡིན། དེའི་ཁྲོད་མེ་ཏོག་རྐོ་པ་ལྟ་བུའི་ལས་ཀ་དེ་ཧ་ཅང་ཞིབ་ཕྲ་ཡིན་དགོས་པས་ང་ཚོ་བུ་མོ་ཚོར་ཧ་ཅང་འཚམ་པོ་ཡོད་པས། སླད་ཕྱིན་རང་ཉིད་ཀྱིས་ལས་ཀ་གང་ཞིག་འཚོལ་བ་ལ་ལམ་ཁ་ཡངས་པོ་ཞིག་བསྟན་སོང”ཟེར།
“གཙན་ཚའི་ཤིང་བཟོ”ཡི་ཁྱད་ཆོས་ལྡན་པའི་ངལ་ལས་སྤུས་རྟགས་གསོ་སྐྱོང་ཞིབ་ཚགས་དང་། ཤིང་བཟོའི་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ཁྲོམ་ར་མཉམ་འདྲེས་གཏིང་ཟབ་ཐད་ལ་སྐུལ་འདེད་གཏང་ཆེད། གཅན་ཚ་རྫོང་གིས་ད་ལོར་ཤིང་བཟོ་མཐུན་ཚོགས་བཙུགས་ཏེ《ལས་རིགས་ཀྱི་རང་གཅུན་སྤྱི་ཆིངས》བཟོས་ནས་ཤིང་བཟོ་ལས་རིགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་བྱས། ལས་རིགས་གཅིག་པས་འོས་སྦྱོར་བརྒྱུད་ཚེ་དཔལ་རྡོ་རྗེ་ཤིང་བཟོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཐོག་མར་བསྐོས།

བློ་རྩེ་གཅིག་ཏུ་སྒྲིམ་ནས་རི་མོ་རྐོ་བའི་ཚུལ།
ཚེ་དཔལ་རྡོ་རྗེ་ཡིས་འདི་སྐད། མཐུན་ཚོགས་བཙུགས་པ་ནི་གཅན་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ཟླ8པར་མཐུན་ཚོགས་བཙུགས་ནས་བཟུང་རྩལ་ནུས་གསོ་སྦྱོང་ཐེངས་མང་སྒྲིག་འཛུགས་བྱས་ནས་ལས་ཞུགས་མི་སྣའི་ཆེད་ལས་ཆུ་ཚད་ནུས་ལྡན་ངང་ཇེ་མཐོར་བཏང་། མིག་སྔར་མཐུན་ཚོགས་ཀྱིས་ཤིང་ལས་ཀུང་སི7བར་མནའ་འབྲེལ་བཙུགས་པ་དང་། ལས་སྒོའི་ཁྱབ་ཁོངས་བོད་ལུགས་ཀྱི་ཁྱིམ་ཆས་དང་། ཤིང་བརྐོས་ཀྱི་རིགས། ཚོན་རིས་བཟོ་བ། ཁང་ནང་གི་རྒྱན་སྤྲས། ཤིང་ཁང་བཟོ་བསྐྲུན། ཤིང་ལས་ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཡོད་པས་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་ཅེས་བཤད།
མཚོ་སྔོན་ནོར་བུ་སྲོལ་རྒྱུན་ཤིང་ལས་ཐོན་རྫས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ནོར་བུ་གྲགས་པས་འདི་སྐད། “གཅན་ཚའི་ཤིང་བཟོ་མཐུན་ཚོགས་ཀྱི་རོགས་རམ་འོག་ང་ཚོ་གསོ་སྦྱོང་ལ་ཐེངས་མང་ཞུགས་ཤིང་། ལག་རྩལ་སྤེལ་རེས་ཀྱི་སྟེགས་བུ་བཙུགས་ཏེ། ཤིང་ཆ་ཉོ་སྒྲུབ་དང་མངགས་ཐོ་གྲོས་མོལ་ལ་སོགས་ཀྱི་རིམ་པ་སྔར་བས་ཚད་ལྡན་དུ་བཏང་ཡོད། ངལ་ལས་སྤུས་རྟགས་ཁྱབ་གདལ་བཏང་བ་དང་བསྟུན་ནས་མི་སྔར་ལས་མང་པོ་ཤིང་བཟོ་ལག་རྩལ་ལ་སློབ་སྦྱོང་བྱེད་པར་ཡོང་བས་ལག་རྩལ་དེ་སྔར་བས་རྒྱུན་འཛིན་ལེགས་པོ་བྱེད་ཐུབ་ཀྱིན་ཡོད”ཅེས་བཤད།
གཅན་ཚ་རྫོང་གིས་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱས་པའི་ཁྱད་ལྡན་ངལ་ལས་སྤུས་རྟགས་ཤིག་ཡིན་པའི་ངོས་ནས“གཅན་ཚའི་ཤིང་བཟོ”ཡི་རྒྱུན་འཛིན་ཁྲོད་གསར་གཏོད་རྒྱུན་ཆད་མེད་པ་བྱས་པས། གཟུགས་འདས་རིག་གནས་ཤུལ་བཞག་གི་སྲོག་རྩར་སྲུང་སྐྱོབ་ཐུབ་ཡོད་པ་མ་ཟད། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེར་བསྐྱེད་ལ་སྐུལ་འདེད་གཏང་བའི་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུའང་གྱུར་ཡོད། ཤིང་བཟོ་མཐུན་ཚོགས་བཙུགས་པས་ལས་རིགས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་དང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་བ་དང་། སྤུས་རྟགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན།
གཅན་ཚ་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ལས་བྱེད་པས་ངོ་སྤྲོད་ལྟར་ན། གཅན་ཚ་རྫོང་གིས་ལས་རིགས་གསོ་སྦྱོང་སློབ་གྲྭ་དང་། དངོས་སྦྱོང་རྟེན་གཞི། སྣེ་ཁྲིད་ཁེ་ལས་བཅས་ལ་བརྟེན་ནས་ཤིང་བཟོ་སྐོར་དང་སྐོར་སྒྲིག་འཛུགས་བྱས་ཏེ་ཅང་སུའུ་དང་། བོད་ལྗོངས། ཅང་ཞི་སོགས་སུ“བོད་ལུགས་ཤིང་བཟོའི་ལག་རྩལ་མཐོར་འདེགས་ལས་གཞི”ཡི་ཞིབ་འཇུག་སློབ་སྦྱོང་དང་ཆེད་དོན་རྩལ་ནུས་མཐོར་འདེགས་ཀྱི་འཛིན་གྲྭ་ལ་སོགས་སུ་མངགས་ཏེ་སྤུས་རྟགས་ཕྱིར་གཏོང་གི་ཕྱིར་ལ་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱས་པ་ཡིན་ཟེར།
མིག་སྔར་གཅན་ཚ་རྫོང་གི་ཤིང་བཟོ་ལས་གཉེར་པ486ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི6ལས་བརྒལ་ཡོད། གཅན་ཚ་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡིས“གཅན་ཚའི་ཤིང་བཟོ”ཡི་ངལ་ལས་སྤུས་རྟགས་འཛུགས་སྐྲུན་བྱ་བ་གལ་ཆེན་དུ་བཟུང་ནས་སྐུལ་འདེད་དང་། ས་གནས་ལ་བསྟུན་ནས་ཤིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་དར་སྤེལ། ལས་ཞུགས་པའི་རྩལ་ནུས་གསོ་སྦྱོང་དང་སྤུས་རྟགས་དྲིལ་སྒྲོག་ལ་ཤུགས་སྣོན། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད་དོ། །