ཟླ11པའི་ཚེས19ཉིན། བོད་ལྗོངས་སློབ་ཆེན་གྱི་ཡོའན་ཧྲི་ཉི་མ་བཀྲ་ཤིས་ལགས་ཀྱི་ཞིབ་འཇུག་ཚོ་ཁག་དང་པེ་ཅིང་ཀྲི་ཕུའུ་ཧྭ་ཀྲང་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་ཡིག་དཔེ་དབྱིབས་ཆེན་མོ་སྟེ། ཞུགས་གྲངས་སམ་གཞི་གྲངས་ཁྲག་ཁྲིག་ལྡན་པའི་བོད་ཡིག་དཔེ་དབྱིབས་ཆེན་མོ་འགྲེམ་སྤེལ་ཚོགས་འདུ་གནས་མཆོག་ལྷ་ས་ནས་འཚོགས་པ་རེད།

ཐེངས་འདིའི་འགྲེམ་སྤེལ་གྱི་ཞིབ་འཇུག་གྲུབ་འབྲས་ཏེ།——“ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོV1.0”ཞེས་པ་ནི་དཔེ་དབྱིབས་འདིའི་སྦྱོང་བརྡར་གཞི་གྲངས་ལ་བོད་ཡིག་གིTokenགྲངས་ཕལ་ཆེར་དུང་ཕྱུར288བཀོལ་ཡོད་པའི་ནང་། གཞི་ཁྱོན་ཆེ་བའི་ཚིག་གྲུབ་རིམ་པ་དང་དང་ལེའུ་རིམ་པ། རྩོམ་ཡིག་རིམ་པའི་བོད་ཡིག་ཁོ་ནའི་གཞི་གྲངས་དང། རྒྱ་བོད་དང་བོད་དབྱིན་གྱི་ཚིག་གྲུབ་མཉམ་གཤིབ་གཞི་གྲངས། རྒྱ་བོད་སྐད་གཉིས་ཚིག་མཛོད་སོགས་ཚུད་ཡོད། དེའི་ནང་དོན་ལ་གསར་འགྱུར་དང་། བཅའ་ཁྲིམས། གསོ་རིག ཚད་མ། སློབ་གསོ། རིག་གནས་དང་ཚན་རྩལ་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད།
དཔེ་དབྱིབས་འདིས་རྙོག་འཛིང་ཆེ་བའི་སྐད་ཆའི་གྲུབ་ཆ་དང་ཁྱབ་ཁོངས་མང་པོའི་ཤེས་བྱ་ཐག་གཅོད་ཐུབ་པར་མ་ཟད། བོད་སྐད་ཀྱི་བསྟན་དོན་ལ་གོ་བ་གཏིང་ཟབ་མོ་ལོན་པ། རྩོམ་ཡིག་རང་གྲུབ་ནུས་པ་ལྡན་པ། དྲིས་ལན་ཁ་གསལ་ཞིང་གོ་བདེ་བ། རང་གྲུབ་འབྲས་བུ་ཡང་དག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཕྱིར། བོད་སྐད་ཀྱི་དྲི་བ་དྲིས་ལན་དང་རྩོམ་ཡིག་རང་གྲུབ། འཕྲུལ་ཆས་ཡིག་སྒྱུར་སོགས་ཀྱི་ཁྱབ་ཁོངས་སུ་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།

གཞན་ཡང་ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོ་འདི་ཡིས་མཐའ་མཚམས་བཅོས་སྐྱོང་དང་། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དང་ལྗང་མདོག་ནུས་རྒྱུ། ཞིང་འབྲོག་ཚན་རིག། རིག་གནས་སློབ་གསོ། བོད་ལུགས་གསོ་རིག་དང་མཐོ་སྒང་བདེ་ཐང་སོགས་ཀྱི་དཔེ་དབྱིབས་ཆེན་མོ་ཞིབ་འཇུག་གསར་སྤེལ་ཐད་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱ་ཆོག་པར་མ་ཟད། མཐའ་མཚམས་ཀྱི་རིག་ནུས་བཅོས་སྐྱོང་གོ་རིམ་ཁྲོད་ཀྱི་སྐད་བརྡའི་ལག་རྩལ་འདེགས་སྐྱོར་ནུས་པ་དང་། དཔེ་དབྱིབས་ཆེན་པོར་བརྟེན་པའི་གྲོང་ཁྱེར་གྱི་ས་ཁོངས་བཅོས་སྐྱོང་ནུས་པ། དཔེ་དབྱིབས་ཆེན་པོར་བརྟེན་པའི་དམངས་འཚོའི་ཞབས་ཞུའི་ནུས་པ། AIཡིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྟོན་པའི་ནུས་པ། AIཡིས་མཐོ་སྒང་ཚན་རིག་ལ་སྟོན་པའི་ནུས་པ་དང་རིག་ནུས་ཅན་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་སོགས་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཐུབ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ནས་དཔེ་དབྱིབས་ཐོ་འགོད་སྙན་སེང་ལས་དོན་ལ་སྐུལ་འདེད་བཏང་བ་དང་ལེགས་སྒྲུབ་ཟིན་རྗེས་དངོས་སུ་དྲ་ཐོག་ཏུ་བཀོད་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རེད།