མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་བྱ་བའི་སྐུལ་འདེད་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་མཚམས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་བྱ་བའི་སྐུལ་འདེད་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་མཚམས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། རིག་དངོས་ཁྱབ་བཤེར་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཚང་མ་རིག་དངོས་ལ་ཡར་སྐུལ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་དང་། སྣེ་ཁྲིད་རང་བཞིན་གྱི་བཟོ་སྐྲུན་ཞིག་རེད། ལོ་ངོ་གཅིག་ལྷག་གི་རིང་ལ། ཁྱབ་བཤེར་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཤུལ་བཞག་གནས་ཡུལ6410ལ་བསྐྱར་ཞིབ་བྱས་པ་དང་།  གསར་དུ་རྙེད་པའི་རིག་གནས་ཤུལ་བཞག་གནས་ཡུལ943ཡོད་ལ། རྫོང་རིམ་པའི་ཡོངས་ཁྱབ་ཞིབ་བཤེར་སྡེ་ཚན44རུ་ཡུལ་དངོས་སུ་བརྟག་དཔྱད་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས།  ཁྱད་པར་དུ“ཁྱབ་སྤེལ་བཞིའི”གསར་རྙེད་གལ་ཆེན“སྒར་ཐང་ཆིན་གྱི་རྡོ་བརྐོས”ལ་མཚོན་ན།  ཆུ་ཁུངས་དེད་ཆོག་པ་དང་ལོ་རྒྱུས་ཀྱི་ཞན་ཆ་གསབ་པ།    དོན་སྙིང་གལ་ཆེན་བཅས་ལྡན། མིག་སྔར། ཁྱབ་བཤེར་བྱ་བ་དུས་རིམ་གསར་པར་སླེབས་ཡོད་པ་དང་།  ངེས་པར་དུ་དམིགས་འབེན་བླང་བྱ་དང་ལྟེ་བའི་ལས་འགན་ཁོང་དུ་ཡང་དག་པར་ཆུད་པ་བྱས་ཏེ།  ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་ཁྱོན་ཡོངས་དང་། དོན་དངོས་དང་མཐུན་པ། ཡང་དག་པ། དབང་གྲགས་བཅས་ལྡན་པར་ཁག་ཐེག་བྱ་དགོས།     གོ་རིམ་རྗེས་མར། གཞི་གྲངས་ཞིབ་དཔྱད་གཟབ་ནན་བྱེད་པ་དང་། ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་ངོས་འཛིན་བྱེད་པ། བརྟག་དཔྱད་དང་ཞིབ་བཤེར་རྩིས་ལེན་ཡག་པོ་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་ཆགས་པར་བྱ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གཞི་རྩའི་སྟེང་རིག་གནས་འཛུགས་སྐྲུན་ཡིན་ལ། རིག་གནས་གལ་ཆེན་གྱི་ཐོན་ཁུངས་དང་རིག་གནས་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོབ་དང་རྒྱུད་འཛིན་བེད་སྤྱོད་རེད། 2019ལོར་འགོ་བརྩམས་པ་ནས་འཛུགས་སྐྲུན་འགན་འཁྲི་ཡོངས་འགྲུབ་བྱས་པར། སྔ་རྗེས་སུ་ལོ10ཡི་རིང་རྒྱུན་བསྲིང་བྱས་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ཁུལ30ལ་འབྲེལ་ཡོད། རང་ཞིང་གིས་ལྕགས་རི་རིང་པོ་དང་། རྒྱང་བསྐྱོད། རྨ་ཆུ་། འབྲི་ཆུ་བཅས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང4ཡི་མཚོ་སྔོན་གྱི་མཚམས་འཛུགས་སྐྲུན་གྱི་ལས་འགན་ཐེག་ཡོད་པས། ངེས་པར་དུ་དུས་ཚོད་དམ་འཛིན་བྱས་ཏེ། འཆར་འགོད་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་པ། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པ།    རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཏན་ཏིག་བྱེད་པ།    རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་པར་སྙིང་རུས་བརྟན་འཁྱོངས་ཀྱིས་སྐུལ་འདེད་བྱ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།