མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ་དེ་རང་འགུལ་བྱ་སྤྱོད་དུ་བརྩིས་ནས། བསྡོམས་རྩིས་བྱས་ན་ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་དྲུག་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་སྤྱོད་མ་དངུལ་ལས་གཞི30ལག་བསྟར་བྱས།
ད་ལོ་ཁོ་ནར། མཚོ་ལྷོ་ཁུལ་གྱིས་ཀྲུང་དབྱང་གི་ཆུའི་སྦགས་བཙོག་འགོག་བཅོས་མ་དངུལ་ལས་གཞི3བདེ་བླག་ངང་རེ་ཞུ་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དགུ་བཏང་བ་དེའི་ནང་། ཁྲི་ཀ་རྫོང་གི་ལན་ཆོན་ཆུ་བོའི་ལས་གཞིའི་ཆུའི་སྐྱེ་ཁམས་སླར་གསོ་དང་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི། ཞིས་ཧི་གཙང་པོའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོའི་བཟོ་སྐྲུན། ཐུན་ཏེ་རྫོང་གི་འབའ་ཆུ་ནས་རྐ་རྒན་ཆུ་བར་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོབ་སླར་གསོའི་ལས་གཞི་བཅས་ཚུད་ཡོད། ཀྲུང་དབྱང་གི་ཆུའི་སྦགས་བཙོག་འགོག་བཅོས་མ་དངུལ་ལས་གཞི5རེ་ཞུ་བྱ་རྒྱུའི་འཆར་འགོད་བྱས་ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དགུ་བཏང་བ་དེའི་ནང་། ཐུན་ཏེ་རྫོང་གི་ཆུ་ཁུངས(འབའ་ལུང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ། རྨ་བྱང་ཡུལ་ཚོ།)ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གཞི་དང་། རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་སྟེ་ཐུན་ཏེ་རྫོང་གི་འབའ་ལུང་ཆུ་བོའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི། ཀོས་ནན་རྫོང་ཏུང་ཝུའུ་དབྱང་ཆུ་མཛོད་དང་ཞིས་ལུང་ཀུའུ་ཡི་འཐུང་ཆུའི་འབྱུང་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གཞི། ཁ་རྒྱའི་ཆུ་མཛོད་ཀྱི་འཐུང་ཆུའི་འབྱུང་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་གཞི། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གལ་ཆེན་ལས་ཀོས་ནན་རྫོང་འཛུགས་སྐྲུན་ཁུལ་གྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་བཅས་ཚུད་ཡོད།
མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ཆེད་སྤྱོད་མ་དངུལ་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཆུ་འགྲམ་གྱི་ལམ་ཐིག་སྤྱི་ལེ་བརྒྱ་དང་ཉེར་གཉིས་དང་གྲངས་ཆུང་ཉེར་བདུན་སླར་གསོ་བཅོས་སྐྱོང་བྱས་པ་དང་། ཆུ་འགྲམ་གྱི་སྦགས་བཙོག་སྐྱེ་ཁམས་བཀག་འགོག་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་བརྒྱ་དང་རེ་བརྒྱད་དང་གྲངས་ཆུང་བཅོ་ལྔ་ཡིས་ཇེ་ཆེར་སོང་ཡོད་ལ། ཆུ་ཁུངས་སྤང་ཤུན་ཁུལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཆིང་སུམ་བརྒྱ་ང་བཞི་དང་གྲངས་ཆུང་གསུམ་གྱིས་ཇེ་ཆེར་སོང་ཡོད་པར་མ་ཟད། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་བརྒྱ་དང་བཅུ་བདུན་དང་གྲངས་ཆུང་ཉེར་དགུ་ཡིས་ཇེ་ཆེར་སོང་ཡོད། དེ་མིན་ད་དུང་སྡོང་བོ་ས་ཡ་དྲུག་དང་འབུམ་དགུ་ཁྲི་དགུ་ལྷག་འདེབས་འཛུགས་བྱས་ཡོད་ཅིང་། ནགས་ཚལ་གྱི་བར་གསེང་དུ་རྩྭ་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་ལ་སྤྱི་ཆིང་བཞི་བརྒྱ་ང་དགུ་དང་གྲངས་ཆུང་ཞེ་བདུན་ཡོད།