ཉེ་ལམ། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚོང་འགུགས་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ1པོ་ནས་ཟླ10པའི་བར་མཚོ་ལྷོ་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་དགུ་དོན་འཁྱོལ་བྱས་པ་དང་། དུས་མཉམ་ལས32.14%འཕར་ཡོད་ལ། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ཀྱི124.85%ལེགས་གྲུབ་བྱུང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན།
མཚོ་ལྷོ་ཁུལ་གྱིས་སྔ་རྗེས་སུ་ལག་བསྟར་ཇུས་གཞི་མང་པོ་བཏོན་ནས་ཚོང་འགུགས་ཀྱི་སྤུས་ཚད་འགན་ལེན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ཧྲང་ཧའེ་དང་། པེ་ཅིན། ཧྲེན་ཀྲིན་སོགས་སུ་སོང་ནས“ཚོང་འགུག་དངུལ་འདྲེན་གྱི”བྱེད་སྒོ་ཁག15སྤེལ་བ་དང་། ཁེ་ལས41ལ་འཚམས་འདྲི་བྱས་ཏེ། རྣམ་གྲངས་ཁག20ལ་བདེ་བླག་ངང་མིང་རྟགས་བཀོད། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཚོང་བ་སྐོར་ཁག48དང་མི219སྣེ་ལེན་བྱས། སྐབས26པའི“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”ལ་བརྟེན་ནས་ཆེད་དོན་གན་རྒྱ་འཇོག་པའི་བྱེད་སྒོ་སྤེལ་བ་དང་། རྣམ་གྲངས27ལ་མིང་རྟགས་བཀོད་པ་དང་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དགུ་ལ་བསླེབས་ཡོད། ཞིང་པའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བསྡོམས་འབོར་སྒོར་ས་ཡ་གཉིས་དང་འབུམ་གཉིས་ལས་བརྒལ། རྩ་བའི་ཆ་ནས་ཁུལ་ཁོངས་ཧྲིལ་པོའི་མཐུན་སྦྱོར་ཚོང་འགུགས་ཀྱི་རྣམ་པ་ཆགས་ཡོད།
མཚོ་ལྷོ་ཁུལ་གྱིས་ཧུར་ཐག་སྒོས་ཚོང་འགུགས་ཀྱི་མཐོ་ས་གསར་པ་བཏོད་ཡོད་ལ། ས་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། དག་གཙང་ནུས་རྒྱུ། ལྗང་མདོག་ནུས་རྒྱུ་སོགས་གཙོ་གནད་ཐོན་ལས་ལ་དམིགས་ཏེ2025ལོའི་ཚོང་འགུགས་དངུལ་འདྲེན་རྣམ་གྲངས་ཀྱི་ལག་དེབ་བཟོས་པ་དང་། རྣམ་གྲངས146ལེགས་འདེམས་བྱས་པར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་དྲུག་ཐེར་འབུམ་དྲུག་དུང་ཕྱུར་གཉིས་ཟིན་པ་དང་། ཐོན་ལས་ཀྱི་མ་དངུལ་གཏོང་བའི་ཕྱོགས་སྟོན་དང་ཚོང་འགུགས་དྲིལ་བསྒྲགས་པར་གཞི་དུས་གཅིག་ཏུ་བཟོས་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ད་ལོ་ནས་བཟུང་། ཝན་ཅེ་ཅིན་ཧྥེང་མཚོ་སྔོན་གྱི་བློ་རིག་ལྟེ་གནས་དང་། རྒྱལ་ཁབ་ཀྱི་ཁག་གསུམ་པའི་འོད་ཤུགས་རྟེན་གཞི་ཆེན་མོ་སོགས་གཙོ་གནད་ལས་གཞི་བདེ་བླག་ངང་ནང་འདྲེན་བྱས་ཏེ། སྤུས་ལེགས་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།