ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཝུན་ཧྲུའུ་ཀང་སོགས་ལ་བཞུགས་མོལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས17ཉིན། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཧྭ་ནན་སྡེ་ཚོགས་ཚད་ཡོད་ཀུང་ཟིས་ཟི་ལིང་དུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་གྲོས་མཐུན་ལ་མིང་རྟགས་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཧྭ་ནན་གྱི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཝུན་ཧྲུའུ་ཀང་སོགས་དང་བཞུགས་མོལ་བྱས་པ་མ་ཟད་མཉམ་དུ་གན་རྒྱ་འཇོག་པར་བདེན་དཔང་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཝུན་ཧྲུའུ་ཀང་སོགས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཧྭ་ནན་གྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་མཚོ་སྔོན་ལ་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་འཆར་འགོད་གནང་ཡོད། མིག་སྔར། མཚོ་སྔོན་གྱིས་དམིགས་བསལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་དག་གཙང་ནུས་ཁུངས་དང་ལྗང་མདོག་བཟོ་སྐྲུན་ལས་རིགས། རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པའི་ཚན་རིག་ཞིབ་འཇུག་འགག་སྒྲོལ་སོགས་ཁྱབ་ཁོངས་ཀྱི་མདུན་ལམ་རྒྱ་ཆེན་པོ་དང་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་སྒྲིལ་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་པའི་གནད་འགག་གི་དུས་སྐབས་སུ། ཀྲུང་གོ་ཧྭ་ནན་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་ཁྱད་སྟོབས་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་ཐོན་ལས་ཁྱབ་ཚུལ་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པར་བརྟེན་ནས་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད། མཚོ་སྔོན་གྱིས་སྔར་བཞིན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་འགན་སྲུང་ལེགས་པོ་བྱས་ཏེ་ཁེ་ལས་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཝུན་ཧྲུའུ་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོ་ཧྭ་ནན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀུང་ཟི་གཉེར་སྐྱོང་འཕེལ་རྒྱས་དང་མཚོ་སྔོན་གྱི་ཐོན་ལས་ཁྱབ་ཚུལ་གནས་ཚུལ་ངོ་སྤྲོད་བྱས། ཁོས་བསྟན་དོན། ཀྲུང་གོ་ཧྭ་ནན་གྱིས་ནུས་ཁུངས་མ་ལག་གསར་པ་དང་གློག་ཤུགས་མ་ལག་གསར་པ་འཛུགས་རྒྱུར་དམིགས་ནས། མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ།    ནུས་ཁུངས་ཀྱི་གློག་ཤུགས་འདོན་སྤྲོད་འགན་ལེན་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་།  དག་གཙང་ནུས་ཁུངས་འཕེལ་རྒྱས་གཏོང་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་སོགས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། བྱེད་ཐབས་དངོས་ལ་བརྟེན་ནས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་མགྱོགས་མྱུར་རིམ་སྤར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཀྲུང་གོ་ཧྭ་ནན་གྱི་ཏང་ཙུའུ་ཁོངས་མི། སྤྱི་གཉེར་བ་གཞོན་པ་ལི་ཆི་ཀྲའོ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་མིང་རྟགས་བཀོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།