མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་མ་ལག་ཆེན་པོ་བདུན་བཙུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས12ཉིན། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ཀྱི་མུ་འབྲེལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཞིང་ལས་ཞིང་སྡེའི་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”  སྐབས་སུ། མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་གྲུབ་འབྲས་མངོན་གསལ་བླངས། 2021ལོ་ནས་ད་ལོའི་ཟླ6པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་རིམ་རྩིས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཏུན་ས་ཡ་གསུམ་དང་འབུམ་གཉིས་ཁྲི་བཞི་སྟོང་བརྒྱད་ཕྱིར་གཏོང་བྱས་པ་དང་། རིན་ཐང་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་ལྔ་དུང་ཕྱུར་དགུ་བྱེ་བ་གཅིག་ལ་སླེབས་ཡོད། 《ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་མཉམ་དུ་བསྐྲུན་པའི་འགུལ་སྐྱོད་ཇུས་གཞིའི》གཙོ་གནད་ལས་འགན་དོན་འཁྱོལ་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱབ་སྐྱོར་མ་ལག་དང་།    ཞིང་ལས་ཐོན་སྐྱེད་ཀྱི“རྫས་གསུམ་རྟགས་གཅིག”འཕེལ་རྒྱས་མ་ལག ཚན་རྩལ་གསར་སྐྲུན་གྱི་ཞབས་ཞུའི་མ་ལག རྣམ་པ་གསར་པའི་ཞིང་ཕྱུགས་ལས་གཉེར་སྐྱོང་མ་ལག དེང་རབས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མ་ལག ཟོག་འགྲེམས་ཕྱིར་གཏོང་མ་ལག ཁྲོམ་རའི་ཚོང་གཉེར་མ་ལག་སོགས་མ་ལག་ཆེན་པོ་བདུན་ཐོག་མར་བཙུགས།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་རྨང་གཞི་སྔར་ལས་ལྷག་པའི་ཇེ་བརྟན་དུ་བཏང་། དེའི་ཁྲོད། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ལེགས་གྲུབ་དམིགས་འབེན་གྱི་ལས་འགན་བརྒྱ་ཆའི103དང་།    རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་སྤྱི་ཆིང་འབུམ་གསུམ་དང་ཁྲི་གཉིས་སྟོང་ལྔ་སུམ་བརྒྱ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་ལྗང་མདོག་ཟས་རིགས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི24གསར་འཛུགས་བྱས། དམིགས་འབེན་ཡོངས་འགྲུབ་ཀྱི་ཚད་ལས་འགན་གྱི་ལྡབ་གསུམ་ཡིན་པ་དང་། རིམ་སྤར་སྔོ་ཚལ་ཐོན་སྐྱེད་ལྟེ་གནས་སྤྱི་ཆིང་ཁྲི་གཉིས་བསྒྱུར་བཀོད་བྱས་ལ། དམིགས་འབེན་ལས་འགན་ཡོངས་འགྲུབ་ཀྱི་ཚད་བརྒྱ་ཆའི200ཟིན། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་དང་ལོག་དཀར་ཐོན་ཚད་ལོ་བཅུའི་རིང་གི་མཐོ་ཤོས་ཟིན་པ་དང་།  ནོར་ཤ་དང་ཞོག་ཁོག སྔོ་ཚལ་བཅས་ཀྱི་ཐོན་ཚད་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཡོད།  བོད་ལུག་གི་ཤ་དང་ནས། ལོག་དཀར། འཁྱག་ཆུའི་ཉ། འཕང་འབྲས་བཅས་ཀྱི་ཐོན་ཚད་ཀྱི་དམིགས་འབེན་ལོ་འདིའི་ནང་ཁྱོན་ཡོངས་ནས་ལེགས་གྲུབ་བྱ་རྒྱུ་ཡིན་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་བྱས་རྗེས་བཞག་ཚད61%ཟིན་ཡོད། སྤུས་ཚད་དང་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ་ནོར་གནག་དང་བོད་ལུག་ཐོག་མའི་ཐོན་ཡུལ་གྱི་རྫོང39ལ་ཁུངས་འདེད་བྱས།

དེ་དང་ཆབས་ཅིག བསྟུད་མར་ལོ་ལྔའི་རིང་ལ་ལུད་རྫས་དང་ཞིང་སྨན་བཀོལ་ཚད་ཇེ་ཉུང་དུ་བཏང་ནས་ཕན་འབྲས་འཕར་སྣོན་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་ཏེ། ལུད་རྫས་དང་ཞིང་སྨན་བཀོལ་ཚད་ཇེ་ཉུང་གི་བྱ་སྤྱོད་ལག་བསྟར་སྔོན་ལས་བརྒྱ་ཆའི་ཉི་ཤུ་ཇེ་ཉུང་དུ་བཏང་། ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་ཁྱབ་ཚད2020ལོའི་ལོ་མཇུག་གི་བརྒྱ་ཆའི་ཞེ་ལྔ་ནས་རྒྱ་བསྐྱེད་དེ་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་དགུ་ལ་སླེབས་ཡོད། སོག་མ་ཕྱོགས་བསྡུས་བེད་སྤྱོད་ཚད་དང་ཞིང་ཁའི་འགྱིག་ཤོག་རྙིང་བ་ཕྱིར་བསྡུ་ཚད། ལུད་རྫས་ཀྱི་ཐོན་ཁུངས་བེད་སྤྱོད་ཚད་བཅས་སོ་སོར་བརྒྱ་ཆའི་དགུ་བཅུ་དང་། བརྒྱ་ཆའི་དགུ་བཅུ། བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་བརྒྱད་བཅས་ཟིན་ཡོད་ལ། ཞིང་ལས་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།