གསར་འགོད་པས་ཞིང་ཆེན་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ཞིང་གསུམ”ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཟབ་སྤེལ་བྱས་ཏེ། ཞིང་ལས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ནས། ཞིང་ལས་ཐོན་སྐྱེད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་ངང་འཕར་བ་མངོན་འགྱུར་བྱུང་།
བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རིན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བྱེ་བ་དྲུག་ས་ཡ་གསུམ་ལ་སླེབས་ཡོད་ཅིང་། དེ་དུས་མཉམ་ལས་བརྒྱ་ཆའི་དྲུག་འཕར་ཡོད། དེའི་ནང་ཞིང་ལས་ཐོན་རིན་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བདུན་དུང་ཕྱུར་བདུན་ས་ཡ་བདུན་ལ་སླེབས་ཡོད་ཅིང་།དུས་མཉམ་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་དགུ་འཕར་ཡོད་ལ། ནགས་ལས་ཐོན་རིན་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བཞི་ས་ཡ་དགུ་ལ་སླེབས་ཡོད་ཅིང་། དེ་དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དགུ་འཕར་ཡོད། ཕྱུགས་ལས་ཐོན་རིན་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་དུང་ཕྱུར་གསུམ་བྱེ་བ་གཅིག་ས་ཡ་གཉིས་ལ་སླེབས་ཡོད་ཅིང་། དེ་དུས་མཉམ་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་དགུ་འཕར་ཡོད། ཉ་ལས་ཐོན་རིན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དགུ་ལ་སླེབས་ཡོད་ཅིང་། དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་བརྒྱད་འཕར་ཡོད།
ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་མོ་ཕྱུགས་གསོ་སྤེལ་བྱ་བར་ཤུགས་བསྣན་ནས། ནོར་གནག་དང་ལུག་གསོ་སྤེལ་དང་བཙོང་བར་བྱ་དགའ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ཏེ། འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་ལ། ཞིང་ཆེན་ཡོངས་ཀྱི་ནོར་གནག་དང་ལུག་གི་ཁ་གྲངས་བརྟན་པོའི་ངང་འཕར་བ་དང་། ནོར་གནག་བརྒྱ་ཆའི་གསུམ་དང་གྲངས་ཆུང་བརྒྱད་ཕྱིར་བཙོང་བྱས་པ་དང་། ལུག་བརྒྱ་ཆའི་བཅུ་དང་གྲངས་ཆུང་གསུམ་ཕྱིར་བཙོང་བྱས་ལ། བྱ་རིགས་དང་སྒོ་ང་ཆེས་ཆེར་འཕར་ཏེ། བྱ་རིགས་ཕྱིར་བཙོང་ནས་འཕར་ཚད་བརྒྱ་ཆའི་ཞེ་གཅིག་དང་གྲངས་ཆུང་གསུམ་འཕར་བ་དང་། སྒོ་ང་ཡི་ཐོན་ཚད་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་བརྒྱད་འཕར་ཡོད།