མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་ང་གསུམ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་འབྲེལ་ཡོད་བརྡ་སྦྱོར་དང་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལི་མིན་གྱིས་འགོ་འཛིན་བྱས། དབྱང་ཧྥུན་ཁྲུན་དང་ཉི་མ་སྒྲོལ་མ། ལོས་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས་བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་སོགས་མུ་འབྲེལ་གྱི་བྱ་བ་གལ་ཆེན་སྐོར་གྱི་བླང་བྱ་གསལ་པོ་དང་། དེ་མིན་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པར་དམིགས་པའི་བླང་བྱ་ལྟར། སློབ་སྦྱོང་ལ་གོ་བ་ནན་མོ་ལེན་པ་དང་ལག་བསྟར་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བྱེད་ཐབས་སྣ་མང་བརྒྱུད་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་མུ་མཐུད་དུ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས་པ་དང་། སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། བློ་བརྟན་འགྱུར་མེད་ཀྱི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས། སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོན་ཆུང་གིས་འཚོ་བ་རོལ་བའི་བླང་བྱ་དང་ཟུང་འབྲེལ་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། གྲོན་ཆུང་གི་འདུ་ཤེས་དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོའི་ཐད་ལ་ཁྱབ་པར་བྱ་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་བྱ་བར་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཕྱོགས་སྡོམ་དང་། 2026ལོའི་གཙོ་གནད་ལས་འགན་འཆར་འགོད་ཞིབ་ཚགས་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པ་དང་། སྐུལ་འདེད་ཏན་ཏིག་ཡོང་བར་འགན་ལེན་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཙུའུ་ཡིས2025ལོར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཟུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་བྱ་བའི་གནས་ཚུལ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་བསྡུ་བའི་འབྲེལ་ཡོད་བྱ་བའི་ཡར་ཞུ།《ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་དང་། བྱ་བའི་ལས་ཁུངས་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་འབྲེལ་གཏུག་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་འཆར་ཟིན་བཀོད་པའི་གནས་ཚུལ་བཅས་ཀྱི་སྙན་ཞུ་སོགས་ལ་ཉན།