ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱུན་བསྐྱངས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲིམས་སྐྱོང་རྨང་རྡོ་ཇེ་བརྟན་དུ་བཏང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་སྐྱོང་དར་ན་མི་རིགས་དར། ཁྲིམས་སྐྱོང་སྟོབས་ན་རྒྱལ་ཁབ་སྟོབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་སྐྱོང་རྣམ་པ་བཀོད་སྒྲིག་དང་ཁྲིམས་སྐྱོང་ལག་ལེན་ནན་ཏན་བཅས་བྱས་ཏེ། གསར་གཏོད་རང་བཞིན་གྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཅིང་། དེས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས།

ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་ཟླ12པའི་ཚེས18ཉིན་ནས་བཟུང་དངོས་སུ་ཁྲལ་སྡོམ་ལས་གཉེར་བྱེད་འགོ་འཛུགས་རྒྱུ་རེད། མིག་སྔར་གྲ་སྒྲིག་བྱ་བ་སོ་སོ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྐོར་གྱི་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྟབས་བདེའི་ཞིབ་མཆན་སྲོལ་ཡིག་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་སྲོལ་ཡིག་ལག་བསྟར་བྱེད་པའི་བར་གྱི་བཅོས་སྒྱུར་གལ་ཆེན་རེ་རེར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད། རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་སྐྱོང་འགོག་སྲུང་ལ་བརྟེན་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་སྐྱོང་བའི་གསར་བརྗེ་ཟབ་མོ་ཞིག་ཡིན་ལ། ཏང་གིས་སྲིད་སྐྱོང་རྒྱལ་དར་དང་། མི་དམངས་བདེ་སྐྱིད་ཁམས་བཟང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་བར་འགོད་པ་བཅས་དང་འབྲེལ་བ་ཡོད་ཅེས་ནན་གྱིས་བཏོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ཁ་གསལ་བཏོན་པར་མ་ཟད། དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དོན་དག་གལ་ཆེན་རབ་དང་རིམ་པར་སྐུ་དངོས་སུ་ཇུས་འགོད་དང་སྐུ་དངོས་སུ་བཀོད་སྒྲིག སྐུ་དངོས་སུ་སྐུལ་འདེད་བཅས་བྱས་ཤིང་། གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་།

2014ལོར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཐོག་མར་ཚང་འཛོམས་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། 2018ལོར། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་ཀྱིས་གཅིག་འདོམས་གནང་བ་དེས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།

2020ལོའི་ཟླ11པར། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་བའི་ཚོགས་འདུ་པེ་ཅིང་དུ་བསྡུས། ཚོགས་འདུའི་གྲུབ་འབྲས་ཆེས་གཙོ་བོ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཐོག་མར་བཏོན་པ་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ། དེས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཁྲོད་ཀྱི་མཛུབ་ཁྲིད་གོ་གནས་གཏན་འཁེལ་བྱས་པ་དེ་རེད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སྣེ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཁྲིམས་སྐྱོང་འཛུགས་སྐྱོང་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད།

ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་གཙོ་མཱ་ཧོའེ་ཏེ་ཡིས་བཤད་རྒྱུར། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་བསྟུན་ནས་བྱུང་བའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱུ་མཚན་ལ་ལན་ཟབ་མོ་བཏབ་ཡོད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཇི་ལྟར་བྱ་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པ་བཏོན་ཡོད།

ཁྲིམས་བཟང་བཙུགས་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པ་ནས་བཟུང་། རང་རྒྱལ་གྱིས་རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཉིན་བཞིན་འཐུས་ཚང་དུ་བཏང་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས།

དམངས་ཀྱི་དོན་དུ་ཁྲིམས་སྐྱོང་བའི་དམིགས་ཡུལ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》བྱུང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ་ཁྲིམས་གཞུང་གི་མིང་བཏགས་པའི་བཅའ་ཁྲིམས་ཐོག་མ་དེ་ཡིན་ལ། བཅའ་ཁྲིམས་དེ་ལག་བསྟར་བྱས་པའི་ལོ་ལྔ་ཡི་ཚུན་ལ། སྤྱི་ཚོགས་བཅོས་སྐྱོང་གི་གནས་ལུགས་ཁྲོད་གཏིང་ཟབ་འདྲེས་ནས། ཀུན་སྤྱོད་དང་བཅའ་ཁྲིམས་མཉམ་དུ་བཅོས་སྐྱོང་བྱེད་པའི་སྙིང་བཅུད་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད།

རྒྱལ་ཁབ་ཀྱི་བདེ་འཇགས་ནས་ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན་ནས་སྐྱེ་དངོས་ཀྱི་བདེ་འཇགས། སྐྱེ་ཁམས་དཔལ་ཡོན་ནས་ཉེན་ཁ་སྔོན་འགོག་བྱེད་པ་དང་། དེ་ནས་ཕྱི་འབྲེལ་ཁྲིམས་སྐྱོང་སོགས་ཀྱི་བར་དུ། རང་རྒྱལ་གྱི་ཡུན་རིང་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་གལ་ཆེན་སྐོར་ཞིག་གི་ཁྲིམས་འཛུགས་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རང་རྒྱལ་དུ་ད་ལྟ་སྤྱོད་བཞིན་པའི་ནུས་ལྡན་བཅའ་ཁྲིམས་ཁག་སུམ་བརྒྱ་བཅུ་ཐམ་པ་དང་། སྲིད་འཛིན་ཁྲིམས་སྲོལ་ཁག་དྲུག་བརྒྱ་ལྷག་དང་།  ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཁྲི་གཅིག་སྟོང་བཞི་ལྷག་བཅས་ཡོད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཧོང་ཧའེ་ཧྭ་ཡིས་བཤད་རྒྱུར།  རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། ཁྲིམས་བཟང་བཙུགས་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དུས་བསྟུན་མདུན་སྐྱོད་དང་འཕེལ་རྒྱས་འཐུས་ཚང་དུ་གཏོང་བ་མཐའ་འཁྱོངས་བྱས།

ཁྲིམས་སྐྱོང་གི་སྲིད་གཞུང་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་པའི་གཙོ་གནད་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་ནས། སྲིད་འཛིན་བསྐྱར་གྲོས་ཀྱི་ཕན་ནུས་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་། སྲིད་དོན་ཞབས་ཞུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཞིང་། ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ལྟ་ཞིབ་གཏིང་ཟབ་བྱས་ནས། ཞིང་ཆེན་རིམ་པའི་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་པར་བྱས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས“ཕན་ནུས་ཆེན་པོས་བྱ་བ་སྣ་གཅིག་སྒྲུབ་པ་”སྣེ་ཁྲིད་དུ་བཟུང་ནས། “ཞིང་ཆེན་བརྒལ་ནས་མཉམ་དུ་སྒྲུབ་པ”དང་། “ཐག་ཉེ་ནས་སྒྲུབ་པ། ”“དྲ་ལམ་ནས་སྒྲུབ་པ”བཅས་ཁྱབ་སྤེལ་དུ་བཏང་སྟེ། སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་།

ཁྲིམས་འཛིན་དྲང་གཞག་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་སྲོག་རྩ་ལྟ་བུ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་སྒྲིག་བཀོད་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་། ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཆོད། ཡིད་རྟོན་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་ཕྱིན། ནག་འབྲེལ་ངན་འབྲེལ་དང་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཡོ་ལེན་སོགས་ཁྲིམས་འགལ་ཉེས་སྤྱོད་ལ་ཁྲིམས་ལྟར་ནུས་ལྡན་སྒོས་རྡུང་རྡེག་བཏང་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་བཏང་ཡོད། 

ཁྲིམས་སྐྱོང་གི་སྤྱི་ཚོགས་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་རྨང་རྡོ་ཡིན། ད་སྔ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་། མི་དམངས་བར་འདུམ་རྨང་གཞི་བྱེད་པའི་འདུམ་འགྲིག་ཆེན་མོའི་ལས་ཀའི་བཀོད་པ་འཐུས་ཚང་དུ་བཏང་། རྒྱལ་ཡོངས་ཀྱི་བརྒྱ་ཆའི་གོ་དགུའི་ཡན་གྱི་རྫོང་ལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཙུགས་ནས། སྒོ་གཅིག་ལ་འཛུལ་ནས་གནས་གཅིག་ཏུ་ཕྱིན་ན། མི་དམངས་མང་ཚོགས་ཀྱི་རེ་ཞུ་ཐམས་ཅད་ཁྲིམས་ལྟར་མི་ཞིག་གིས་སྒྲུབ་པ་ཡིན། ད་ལྟ། འདུ་འཛི་ཆེ་བའི་གྲོང་ཁྱེར་རམ་ཡང་ན་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་གང་ཞིག་ཡིན་རུང་།  ཁྲིམས་བརྩི་བ་དང་། ཁྲིམས་སློབ་པ།  ཁྲིམས་སྲུང་བ། ཁྲིམས་སྤྱོད་བཅས་ཀྱི་དར་སྲོལ་ཞིག་ཏུ་ཆགས་ཡོད།

དེང་གི་ཀྲུང་གོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་ལག་ཏུ་བསྟར་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་མཉམ་དུ་སྒྲུབ་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་དང་། ཁྲིམས་སྐྱོང་སྲུང་སྐྱེལ་གྱིས་ཀྲུང་གོའི་དཔལ་འབྱོར་གྲུ་གཟིངས་ཆེན་མོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུ་ལམ་དུ་བརྟན་འཇགས་ངང་རྒྱང་དུ་བསྐྱོད་ནས། དཔལ་འབྱོར་གྱི་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཀྱི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་པར་རྨང་གཞི་བརྟན་པོ་བཏིང་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།