ལོ་ངོ30རིང་ལ་སྤྱི་ཚོགས་ནས་ཏུན་ཧོང་རིག་དངོས་ལ་ཞལ་འདེབས་མ་དངུལ་དུང་ཕྱུར2ལྷག་ཕུལ་ནས་སྲུང་སྐྱོབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 ཏུན་ཧོང་ལྡེབས་རིས་ཁྲོད་བྱང་ཆབ་སེམས་དཔའ་དང་།  དྲི་ཟའི་བུ་མོ་ལ་སོགས་པའི་རི་མོ་མ་ཟད། ད་དུང་མི་སྣ་དངོས་ལས་བཞེངས་པའི་སྣང་བརྙན་རིགས་གཞན་ཡང་ཡོད་པ་རེད། ཁོ་ཚོའི་རྒྱུ་ཤུགས་ཀྱི་རོགས་སྐྱོར་འོག་བྱེ་ཀློང་ཆེན་པོ་དེར་ཉར་བའི་ལོ་ངོ་སྟོང་གི་སྒྱུ་རྩལ་གྱི་བང་མཛོད་ཆེན་པོ་མའོ་ཀའོ་ས་ཕུག་དེར་སྲུང་སྐྱོབ་ལེགས་པོ་ཐོབ།
 
    ཟླ11ཚེས16ཉིན། ཀྲུང་གོའི་ཏུན་ཧོང་ས་ཕུག་སྲུང་སྐྱོབ་ཞིབ་འཇུག་ཐེབས་རྩ་ཚོགས་པ་བཙུགས་ནས་ལོ་ངོ30འཁོར་བའི་བཞུགས་མོལ་ཚོགས་འདུ་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་བསྡུས།   ལོ་ངོ30ཡི་རིང་ལ།  ཐེབས་རྩ་ཚོགས་པ་དེར་སྤྱི་ཚོགས་ལས་རིགས་ཁག་གིས་བསྡོམས་པས་མ་དངུལ་དུང་ཕྱུར2.1ཞལ་འདེབས་སུ་ཕུལ་ནས་ཏུན་ཧོང་རིག་གནས་ཀྱི་ཤུལ་རྫས་སྲུང་སྐྱོབ་དང་ཞིབ་འཇུག་གི་བྱ་གཞག་ལ་སྐུལ་འདེད་ཤུགས་ཆེན་བྱས།

 ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་དབྱང་ཞུའི་ཆིང་གིས་འདི་སྐད།  ལོ་ངོ30ཡི་རིང་ལ།  ཏུན་ཧོང་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་བྱ་གཞག་ལ་དགའ་མོས་མཁན་མི་སྣ་ཇེ་མང་ནས་ཇེ་མང་ཡིན་ཞིང་།   སོ་སོའི་ཐོབ་ཐང་ཡང་སྣ་མང་ཅན་དུ་གྱུར་ཡོད་དེ།  མི་སྒེར་དང་སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་ལ་སོགས་ཡོད།  དེ་ཡང་ཏུན་ཧོང་ཞིབ་འཇུག་གླིང་གི་མཚན་འཛིན་གླིང་གཙོ་ཧྥིན་ཅིན་ཧྲི་ཡིས་ལོ་རེར་གླ་ཕོགས་ལས་སྒོར་ཁྲི1ཞལ་འདེབས་སུ་ཕུལ་བཞིན་ཡོད། 2023ལོར་ཡང་བསྐྱར་སྒོར་བྱེ་ཆེ་གཅིག་གི་བྱ་དགའ་ཞལ་འདེབས་སུ་ཕུལ།   ཁེ་ལས་གྲགས་ཅན་དང་། རྒྱལ་ཁབ་ཕྱི་ནང་གི་མི་སྣ་གྲགས་ཅན་དག་གིས་ཀྱང་ཞལ་འདེབས་རྒྱུན་ཆད་མེད་པར་གནང་བཞིན་ཡོད།    ཐ་ན་བྱིས་པ་ཆུང་ཆུང་གིས་ཀྱང་བསགས་དངུལ་རེ་ཞལ་འདེབས་སུ་ཕུལ་པ་སོགས་ཉེ་བའི་ལོ་རིང་ལ་དྲ་འཕྲིན་ལམ་ནས་ཞལ་འདེབས་མང་པོ་ཐོབ་ཀྱི་ཡོད་ཟེར།

 ཧྥན་ཅིན་ཧྲི་ཡིས་འདི་སྐད། ཞལ་འདེབས་ཀྱི་མ་དངུལ་དེ་དག་གིས་ཏུན་ཧོང་ས་ཕུག་སྲུང་སྐྱོབ་དང་ཞིབ་འཇུག་ཐད་ལ་ལག་རྗེས་གལ་ཆེན་བཞག  ཁོ་ཚོས་ང་ཚོར་རོགས་རམ་བྱེད་པ་དེའི་དོན་ང་ཚོས་རྟོགས་དགོས་ལ།  ཁོ་ཚོས་བཅངས་པའི་རེ་བ་ཡང་ང་ཚོས་སྟོང་ཟད་ལ་མི་གཏང་བར་ལེགས་པོ་ཞིག་འཁྱོངས་དགོས་ཟེར།

ཐེབས་རྩ་ཚོགས་པས་མ་དངུལ་གྱིས་རོགས་བྱས་པའི་མའོ་ཀའོ་ས་ཕུག་གི་ཕུག་པ166པ་གྲངས་ཀ་ཅན་དུ་བསྒྱུར་བའི་ལས་སྒྲུབ་བཞིན་པ།

ཀུན་ཕན་སྲོལ་བཟང་གི་ལམ་ནས་ཏུན་ཧོང་རིག་གནས་དར་སྤེལ་དང་།  དགེ་སྒྲུབ་ལྷུར་ལེན་ལ་བརྟེན་ནས་ཏུན་ཧོང་གི་རིག་གཞུང་སོར་ཆུད་བྱས།

  ལོ་ངོ30ཡི་རིང་ལ་ཐེབས་རྩ་ཚོགས་པས་ཏུན་ཧོང་ས་ཕུག་གི་གཞི་མར་སྲུང་སྐྱོབ་དང་།  ས་ཕུག་གི་ཡིག་ཚགས་ཉར་འཇོག  མའོ་ཀའོ་ས་ཕུག་གི་ཁོར་ཡུག་སྲུང་སྐྱོབ།  རིག་དངོས་གྲངས་ཀ་ཅན་དུ་འགྱུར་བ་ལ་སོགས་པའི་ཐད་ཀུན་ཕན་གྱི་རོགས་དངུལ་རྣམ་གྲངས་བརྒྱ་ཕྲག་ལ་ཉེ་བ་ཐོབ། ཐེབས་རྩ་ཚོགས་པས་ད་དུང་ཏུན་ཧོང་རིག་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་དང་།  ཏུན་ཧོང་རིག་པའི་ཞིབ་འཇུག་བྱ་གཞི་སོགས་ལས་དོན་སྐོར་ཞིག་ལ་མ་དངུལ་གྱིས་རོགས་སྐྱོར་བྱས་ནས་ཏུན་ཧོང་རིག་པའི་ཞིབ་འཇུག་དང་ཏུན་ཧོང་རིག་པའི་འཇོན་མི་སྐྱེད་སྲིང་བཅས་ཐད་ལ་རོགས་རམ་ཚད་མེད་བྱས།

  ཉེ་བའི་ལོ་རིང་ལ། ཐེབས་རྩ་ཚོགས་པས་དར་གོས་ཚོང་ལམ་དང་འབྲེལ་བའི་ཞིབ་འཇུག་ཐད་ལ་མ་དངུལ་གྱི་རོགས་རམ་ཆེན་པོ་བྱས་པ་སྟེ།  རང་རྒྱལ་གྱི་རིག་པ་བ་རྣམས་ཨ་ཧྥུ་ཧན་དང་།  རྒྱ་གར།  དབྱི་ལང་ལ་སོགས་རྒྱལ་ཁབ་ཏུ་རེས་སྐོར10ལྷག་ལ་དར་གོས་ཚོང་ལམ་རྒྱུད་ཀྱི་རིག་གནས་ཤུལ་བཞག་ལ་རྟོག་ཞིབ་ཏུ་མངགས་པ་དང་།  ཨ་ཧྥུ་ཧན་གྱི་རིག་དངོས་སྲུང་སྐྱོབ་པ་དག་ཀྲུང་གོར་རྟོག་ཞིབ་ཞིབ་འཇུག་ཏུ་ཡོང་བ་བཅས་ལ་མ་དངུལ་གྱིས་རོགས་སྐྱོར་བྱས་པ་མ་ཟད།  འཇར་མན་དང་ཧྥ་རན་སི།  ཝུ་ཙེ་པིག་སི་ཐན་ལ་སོགས་རྒྱལ་ཁབ་ཏུ་འབྲེལ་ཡོད་ཀྱི་འགྲེམ་སྟོན་སྤེལ།

ཤར་ལྷོ་སློབ་ཆེན་དུ“ཏུན་ཧོང་གི་ལྡེབས་རིས་སྒྱུ་རྩལ་སྤུས་ལེགས་སློབ་ཆེན་དུ་སྤྱི་ཕན་སྐོར་འགྲེམས”བྱེད་པ།

“ཐེབས་རྩ་ཚོགས་པས་ཏུན་ཧོང་རིག་གནས་དང་སྤྱི་ཚོགས་ཀྱི་མང་ཚོགས་བར་ལ་ཕན་ཚུན་འབྲེལ་འདྲིས་ཐུབ་པའི་འབྲེལ་ཟམ་ཞིག་བཙུགས་ཡོད་པས།   ཏུན་ཧོང་རིག་གནས་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་ཕྱིན་ནས་ཏུན་ཧོང་རིག་དངོས་ཀྱི་བྱ་གཞག་གོང་དུ་འཕེལ་བར་རམ་འདེགས་བྱ་རྒྱུ་རེ་བ་ཡིན”ཞེས་ཏུན་ཧོང་ཞིབ་འཇུག་གླིང་གི་གླིང་གཙོ་སུའུ་པའོ་མིན་གྱིས་དེ་ལྟར་བཤད།

    ཀྲུང་གོའི་ཏུན་ཧོང་ས་ཕུག་སྲུང་སྐྱོབ་ཞིབ་འཇུག་ཐེབས་རྩ་ཚོགས་པ་ནི་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཆོག་མཆན་ཐོབ་ཅིང་། དམངས་སྲིད་པུའུ་ཡིས་ཐོ་འགོད་བྱས་ནས་བཙུགས་པའི་རྒྱལ་ཡོངས་རང་བཞིན་གྱི་གཞུང་བསྡུའི་ཐེབས་རྩ་ཚོགས་པ་ཞིག་ཡིན་པ་དང་།  ཏུན་ཧོང་གི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཙོ་བོ་ཡང་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།