ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་སྒོས་སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ་བྱ་བའི་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་ཚུལ་གཏན་འབེབས་བྱས་པར་མ་ཟད་མིང་རྟགས་བཀོད་དེ། སྲིད་གཞུང་གི་སྲིད་འཛིན་ཁྲིམས་བསྟར་དང་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། མཐུན་སྦྱོར་ཤུགས་འདོན་མངོན་འགྱུར་བྱུང་ཞིང་། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་།
བསམ་ཚུལ་ལས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་མཉམ་དུ་བསྐྲུན་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ། དམངས་ཚིས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འགན་སྲུང་ལ་མཉམ་དུ་ཤུགས་སྣོན་པ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཐུན་མོང་ཐོག་ཇེ་མཐོར་གཏོང་བའི་ཁྱབ་ཁོངས་ཆེན་པོ་ལྔའི་ཕྱོགས་ཡོངས་དང་རིམ་པ་མང་བོའི་མཐུན་སྦྱོར་རྣམ་པ་འཛུགས་པ་དམིགས་སུ་བཟུང་ཡོད། ཁྲིམས་བཅད་འགན་འཁྲི་ལྟར་སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ་གྱི་ནང་དོན་དང་། བྱེད་ཐབས། བྱེད་སྟངས་བཅས་གཏན་འཁེལ་ནན་མོ་བྱས་ཏེ། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱས་ནས། ཁྲིམས་སྐྱོང་འཛུགས་སྐྲུན་དང་སྤྱི་ཚོགས་ཁྲིམས་སྐྱོང་གསར་གཏོད་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།
སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ་བྱ་བའི་རྐྱེན་སྲོལ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་འཁོར་སྐྱོད་ལ་ཁག་ཐེག་བྱ་ཆེད། བསམ་ཚུལ་ལས་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་ནས། སྤྱི་བའི་ཁེ་ཕན་ཐུན་མོང་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིབ་དཔྱོད་ལྟ་སྐུལ་གྱི་མཐུན་སྦྱོར་གཞོགས་འདེགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་གྲངས་མཉམ་འདྲེས་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་བྱེ་བྲག་གི་མཉམ་སྒུལ་བྱེད་ཐབས་བཞི་ལ་བརྟེན་ནས། ཆ་འཕྲིན་འབྲེལ་འདྲིས་དང་ཁུངས་སྣེ་བརྒྱུད་སྐྱེལ། གྱོད་སྒྲུབ་མཐུན་སྦྱོར་བཅས་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་མངོན་འགྱུར་འབྱུང་བར་སྐུལ་འདེད་བཏང་།
བསམ་ཚུལ་ལག་བསྟར་བྱས་པ་ལས། རང་ཞིང་གི་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་བསྟར་སྲིད་འཛིན་ཆུ་ཚད་དང་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་སྤུས་འབྲས་བཅས་ཕྱོགས་གཉིས་མཐོར་འདེགས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ཅིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་དེ་གོ་སྐབས་སུ་བརྩིས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོར་དམ་པོར་སྦྲེལ་ཞིང་། ཆུ་ཚད་སྔར་ལས་མཐོ་བའི་སྲིད་གཞུང་དང་ཞིབ་དཔྱོད་མཐུན་སྦྱོར་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་སྒུལ་ནུས་སྣོན་དགོས།