ཟླ11པའི་ཚེས14ཉིན། གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་ནས་རྒྱུས་ལོན་པ་ལྟར་ན། བྱེད་ཐབས་མང་པོ་སྤྱད་དེ་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཐ་ཆུང་གི་མ་དངུལ་འཁོར་རྒྱུག་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་ཁྱབ་གདལ་བཏང་སྟེ། རྨ་ལྷོ་ཁུལ་གྱི་ས་གནས་ཁེ་ལས་འབྲིང་ཆུང་དང་ཐ་ཆུང་གི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་ངལ་སེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྒུལ་ནུས་བསྩལ་ཡོད། མིག་སྔའི་བར་རྨ་ལྷོ་དངུལ་རྩའི་ལས་ཁུངས་ཀྱིས་སྟེགས་བུ་བརྒྱུད་དེ། རིམ་རྩིས་བྱས་ན་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་སྐོར་གྱི་སྙན་ཞུ57འདྲི་ཞིབ་བྱས་པ་དང་། ཡིད་རྟོན་དངུལ་འབོར་སྒོར་དུང་ཕྱུར་གཅིག་ས་ཡ་གཅིག་འབུམ་གསུམ་ཁྲི་དྲུག་སྟོང་གཉིས་ལ་སླེབས་པས། ཁེ་ལས་འབྲིང་ཆུང་དང་ཐ་ཆུང་མང་པོ་ཞིག་གི“མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་དལ་བའི”གནད་དོན་ཐག་གཅོད་བྱས་ཡོད།
རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཐ་ཆུང་གི་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་ནི་ཀྲུང་གོ་མི་དམངས་དངུལ་ཁང་གིས་སྣེ་ཁྲིད་ནས་འཛུགས་སྐྲུན་བྱས་པ་དང་། ལྟེ་བའི་བྱེད་ནུས་ནི་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཡིག་ཚགས་ལས་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཆ་འཕྲིན་ཆ་འགྲིག་མེད་པ་མེད་པར་བཟོ་བ་སོགས་ཡིན། མིག་སྔར་རྨ་ལྷོ་རུ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས9ཡིས་སྟེགས་བུ་དང་འབྲེལ་མཐུད་བྱས་ཡོད།
སྟེགས་བུ་བཀོལ་སྤྱོད་ཁྲོད། ཁེ་ལས་འཕེལ་རྒྱས་ལ་དཀའ་ངལ་བཟོ་བའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་སྟེ། རྨ་ལྷོ་ཁུལ་གྱི་ཟས་རིགས་ལས་སྣོན་ཐུམ་རྒྱག་ཕྱིར་འཚོང་ཁེ་ལས་ག་གེ་མོས་གཏའ་དངོས་མི་འདང་བས་ཡུན་རིང་ལ་ཡིད་རྟོན་དམའ་བ་དང་། འཛུགས་སྐྲུན་དངུལ་ཁང་གིས་སྟེགས་བུའི་མ་དངུལ་འཁོར་རྒྱུག་གི་ཆ་འཕྲིན་ལ་བརྟེན་ནས་དེའི་ལས་གཉེར་བག་ཤུགས་བརྡར་ཤ་བཅད་པ་དང་། ཐོག་མའི་ཀུན་ཕན་དངུལ་བུན་སྒོར་ས་ཡ་གཉིས་བཏང་། ཐུན་རིན་གྲོང་ཁྱེར་གྱི་དུས་ཚིགས་རང་བཞིན་གྱི་སྨན་རྫས་ཕྱིར་འཚོང་ཀུང་སི་ག་གེ་མོ་ཞིག་ལ་མ་དངུལ་འཁོར་རྒྱུག་དགོས་གལ་ཆེ་བས། ཞིང་ལས་དངུལ་ཁང་གིས་སྟེགས་བུ་བརྒྱུད་དེ་དུས་ཐོག་ཏུ་ཁེ་ལས་ཀྱི་མ་དངུལ་ཆོས་ཉིད་ ཁོང་དུ་ཆུད་པ་དང་། མགྱོགས་མྱུར་ངང་དངུལ་བུན་སྒོར་སུམ་འབུམ་ཉིས་ཁྲི་སྤྲད་དེ་བོད་ལུགས་སྨན་རྫས་ཐོན་ལས་ལ་རྒྱབ་སྐྱོར་བྱས། རྩེ་ཁོག་རྫོང་གི་ནོར་སྲིད་སྙན་ཞུ་ཚད་ལྡན་མེད་པའི་རྒྱུ་ནོར་ཡང་བའི་བཟའ་བཏུང་ཁེ་ལས་ཞིག་ལ་རྩེ་ཁོག་ཞིང་སྡེ་ཚོང་ལས་དངུལ་ཁང་གི་སྟེགས་བུ་བརྒྱུད་དེ་ལས་གཉེར་གཞི་གྲངས་ལེགས་སྒྲིག་བྱས་ཏེ། སྒོར་ས་ཡ་གཉིས་ཀྱི་ཡིད་རྟོན་གནང་སྟེ་འཕེལ་རྒྱས་ལ་རོགས་རམ་བྱས།
སྟེགས་བུ་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་ཇུས་གཞི་ཁྱབ་གདལ་བཏང་སྟེ། “ཆེད་མངགས་མི་སྣས་ལྟ་སྐུལ་མཛུབ་ཁྲིད་དང་། ཟླ་རེར་བསྡོམས་རྩིས། དུས་བཅད་བརྡ་ཁྱབ་བསྒྲགས་པ་བཅས་ཀྱི་ལམ་སྲོལ་བཙུགས་པ་དང་། འགག་རྩའི་དུས་ཚོད་ཀྱི་སྦྲེལ་ཚིགས་དང་ཟུང་འབྲེལ་བྱས་ཏེ། དྲིལ་སྒྲོག་ཤོག་ངོས་དང་ལག་དེབ་དཔར་འགྲེམ་བྱས་པ་མ་ཟད། ཁེ་ལས་དང་ཚོང་ཁང་དུ་“གཅིག་གཏད་གཅིག”གིས་དྲིལ་སྒྲོག་བྱས། ས་གནས་དེའི་སྲིད་གཞུང་སྡེ་ཁག་དང་འབྲེལ་མཐུད་བྱས་ཏེ། “སྲིད་གཞུང་གིས་ཁེ་ལས་སྐུལ་འདེད་གཏོང་བ་དང་། མི་དམངས་དངུལ་ཁང་གིས་དངུལ་རྩའི་ལས་ཁུངས”དང་མཉམ་ལས་ལམ་སྲོལ་གྲུབ་སྟེ། གཙོ་གཉེར་སྟེགས་བུ་དང་མཉམ་འབྲེལ་ཐོག་བྱེད་སྒོ་རྒྱ་ཁྱབ་སྤེལ། ཁེ་ལས་འབྲིང་ཆུང་དང་ཐ་ཆུང60ལྷག་གིས་དངུལ་ཁང་བར་ཡུལ་དངོས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས། དངུལ་ཁང་དང་ཁེ་ལས་བར་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་བཙུགས་ཡོད།
རྒྱུས་ལོན་པ་ལྟར་ན། མི་དམངས་དངུལ་ཁང་རྨ་ལྷོ་ཁུལ་ཡན་ལག་དངུལ་ཁང་གིས་སྟེགས་བུ་བཀོལ་སྤྱོད་ཟབ་སྤེལ་དང་། དངུལ་རྩའི་ལས་ཁུངས་ལ་མཛུབ་སྟོན་བྱས་ཏེ་བཀོལ་སྤྱོད་གཏིང་ཟབ་བྱེད་པའི་ལམ་སྲོལ་བཙུགས་པ་དང་། ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་བྱས་ནས། ཁེ་ལས་འབྲིང་ཆུང་དང་ཐ་ཆུང་གི་མ་དངུལ་བསྡུ་སྒྲིལ་ཐོབ་ཐུབ་པའི་རང་བཞིན་སྔར་ལས་མཐོ་རུ་བཏང་ནས། ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས།