དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞི》ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྒྲུབ་བྱ་གཙོ་བོར་གཏན་འཁེལ་བྱས་པར་མ་ཟད། “དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི”བླང་བྱ་བཏོན། ཟླ11པའི་ཚེས16ཉིན་གྱི《དབང་ཟིལ་བཅར་འདྲི》ལས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་སོགས་ཀྱི་ཐད་ནས་འགྲེལ་བཤད་ཅིག་བྱ།

སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཡིན། 《གྲོས་གཞི》ཡིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་དམིགས་ཏེ། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་པར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་། སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་འཕེལ་རྒྱས་གཏོང་དགོས་པ་ནན་གྱིས་བསྟན་ཡོད།

ཚོང་དོན་པུའུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་དབྱང་ཀྲིན་ཝེ་ཡིས་བཤད་རྒྱུར། རིམ་པ་རྗེས་མར། ང་ཚོའི་སྒོ་འབྱེད“ཆུ་ཚད་མཐོན་པོར”སླེབས་དགོས་པ་དང་། ཁྲོམ་རའི་ཞུགས་འཐུས་ཆུ་ཚད་མཐོ་བ་དང་། ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་ཚད་མཐོ་བ། འཁོར་རྒྱུག་གཉིས་ལེགས་ཀྱི་མཉམ་འགུལ་ཆུ་ཚད་མཐོ་བ། བཅོས་སྒྱུར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་མཐོ་བ། མི་སྣ་དང་ཆ་འཕྲིན་འགྲོ་འོང་གི་སྟབས་བདེའི་ཚད་གཞི་སྔར་བས་མཐོ་བ་བཅས་ཀྱི་ཐོག་ནས་མཚོན་དགོས། རིམ་པ་རྗེས་མར་སྒོ་འབྱེད་ཀྱི་གཙོ་གནད་ནི་ཞབས་ཞུའི་ལས་རིགས་ཡིན་པས། བཟོ་སྐྲུན་ལས་རིགས་སྒོ་འབྱེད་འོད་སྟོང་འཕྲོ་བར་བརྩོན་ལེན་བྱ་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་བསྐྲུན་དགོས་པ་ནན་བཤད་བྱས་པ་དང་། དེ་ནི་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ལ་ཁ་གཏད་པ་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པའི་དགོས་ངེས་ཀྱི་བླང་བྱ་རེད།

ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་ཁྱད་ཆོས་ལ་འབྲེལ་བ་ཡོད། 《གྲོས་གཞི》ལས“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས”པ་བཏོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་སྐུལ་འདེད་བཏང་སྟེ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་གཏོང་དགོས།

ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་པུའུ་ཀྲང་ཧན་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་་རྗེས་མའི་དུས་སྐབས་ཤིག་གི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ཁ་གསལ་བཟོས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”བྱ་བར་འགོ་མཇུག་བར་གསུམ་དུ་ཚད་མཐོན་པོས་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ལ། ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་འདོགས་པ། ཞིང་པ་ཕྱུག་པོར་འགྱུར་བ་བཅས་ཀྱི་བརྡ་རྟགས་དྲག་པོ་བཏང་། འབྲུ་རིགས་ས་ཞིང་དང་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཞིང་ལས་ཚན་རྩལ་ཆུ་ཚད་མཐོ་ཞིང་རང་ཚུགས་རང་འབད་བྱེད་པ། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་པ།  སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ནས། ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་གང་མགྱོགས་སྒོས་ཁ་གསབ་བྱས་ཏེ། རྒྱ་ཆེའི་ཞིང་པར་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས།

དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་ཤུགས་འདོན་ས་གལ་ཆེན་ཞིག་ཡིན། 《གྲོས་གཞི》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་ནི། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་དབང་ཐོབ་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཀྱི་འགན་ལེན་ནུས་ལྡན་ཞིག་ཀྱང་ཡིན།

ཀྲུང་དབྱང་དངུལ་རྩའི་གཞུང་སྒྲུབ་ཁང་གི་རྒྱུན་གཏན་བྱ་བར་འགན་འཁུར་བའི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་བྱ་བར་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་ཝང་ཅང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞིའི》ནང་མ་འོངས་པའི་ལོ་ལྔའི་རིང་འཕེལ་རྒྱས་གཏོང་བའི་འཆར་གཞི་རླབས་ཆེན་བཀོད་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ཇུས་ཀྱི་ལས་འགན་གཙོ་བོ་སོ་སོ་བདེ་བླག་ངང་མངོན་འགྱུར་བྱ་དགོས་ན། དངུལ་རྩའི་ཁོངས་གཏོགས་ཀྱིས་འཐབ་ཇུས་གལ་ཆེན་དང་། ཁྱབ་ཁོངས་གཙོ་བོ། ལྷུ་ཚིགས་ཞན་ས་བཅས་ལ་སྔར་ལས་ལྷག་པའི་སྒོ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཏན་ཏིག་དང་ནུས་ལྡན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་འདོན་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།