ཝུའུ་ཞའོ་ཅུན་གྱིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས13ཉིན་ནས་ཚེས14ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་སུ་རྟོག་ཞིབ་བྱེད་དུ་སོང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་ཆོས་ཉིད་བརྩི་སྲུང་བྱེད་པ། ཐོན་ཁུངས་ཀྱི་སྐྱེས་སྟོབས་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྐྱེ་ཁམས་འཆམ་མཐུན་དང་ཐོན་ལས་ཚུལ་སྒྱུར། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། བཅོས་སྐྱོང་གི་ཕན་འབྲས་འཕར་བ། བདེ་འཇགས་བརྟན་བརླིང་བཅས་རྩོམ་ཡིག་ལྔ་གཅིག་གྱུར་འཆར་འགོད་བྱས་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་ཤར་རི་ནས་ཐུན་རིན་གྲོང་ཁྱེར་གྱི་མཛེས་ལྗོངས་ཡོངས་ལ་བལྟས་ནས་གྲོང་ཁྱེར་གྱི་བཅོས་སྐྱོང་འཆར་འགོད་འཛུགས་སྐྲུན་བྱ་བའི་སྐོར་འདྲི་རྩད་ཞིབ་ཕྲ་བྱས་ཏེ།    ཐུན་རིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པས་ལོ་རྒྱུས་ཀྱི་རྒྱུད་རྩ་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་བརྟེན་ནས། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་སྦྱོར་བྱེད་དགོས་པ་དང་། རིམ་པ་དབྱེ་ནས་ལག་བསྟར་བྱེད་པ། རིམ་བཞིན་གྲོང་ཁྱེར་གསར་སྒྱུར་དང་བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་བྱེད་ནུས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དང་རྩེ་ཁོག་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་ཝུའུ་ཞའོ་ཅུན་གྱིས་ཁོར་ཡུག་བཅོས་སྐྱོང་དང་། རིག་གནས་དང་ཡུལ་སྐོར་ཞིབ་འཇུག་སོགས་ཀྱི་བྱ་བའི་སྐོར་འདྲི་རྩད་ཞིབ་ཕྲ་བྱས་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་འགག་སྒོ་དམ་འཛིན་ཡག་པོ་བྱས་ཏེ། ཁམས་ར་ལྟེ་བའི་མཛེས་ལྗོངས་ཁུལ་དུ་བྱས་ནས་ཤར་རྒྱུད་ས་ཁུལ་གྱི་ཡུལ་སྐོར་གནས་བསྐྲུན་པ་དང་། སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཧི་ནན་སོག་བོད་སྨན་ཁང་གི་སྨན་སྦྱོར་ལྟེ་གནས་དང་། རྩེ་ཁོག་རྫོང་སྒྲོག་འོབས་སྡེ་བའི་ཕྱུགས་ལས་མཉམ་ལས་ཁང་དང་། རྩེ་ཁོག་གི་སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཉམས་ལེན་ཚོང་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱིས་ཚན་རྩལ་ནུས་སྐྱེད་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དྲ་ཐོག་གི་འཚོང་ལམ་རྒྱ་སྐྱེད་དེ། ཐོན་རྫས་ལེགས་པོ་རིན་གོང་བཟང་བོར་བཙོང་ཐུབ་པར་བྱེད་དགོས་པའི་སྐུལ་ལྕག་བཏང་།  ཀྲང་ཝུན་མྱུར་ལམ་ཐུན་རིན་ནས་གསེར་ལུང་བར་གྱི་ལས་གཞིའི་ཡུལ་དངོས་དང་རྩེ་ཆུ་གྲོང་རྡལ་རྩེ་གཞུང་ཆ་ཚང་སློབ་ཆུང་གི་གཞུང་ལམ་དུ། ཝུའུ་ཞའོ་ཅུན་གྱིས་ཐོག་མཐའ་བར་གསུམ་དུ་བཟོ་སྐྲུན་གྱི་སྤུས་ཚད་གོ་གནས་ཨང་དང་པོར་འཇོག་དགོས་པ་དང་། ཞིང་ཆེན་བར་གྱི“བགྲོད་ལམ་ཆེན་པོ”བཏོད་དགོས་ལ། ཞིང་ཆེན་ནང་ཁུལ་གྱི“འཁོར་སྐྱོད་ལམ”དང་ཞིང་སྡེ་འབྲོག་ཁུལ་གྱི“མཐའ་སྣེའི་ལམ”ཁ་གསབ་བྱེད་ཤུགས་མཐོ་རུ་བཏང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཝུའུ་ཞའོ་ཅུན་ལ་ཁ་དགོན་དང་བྱ་དར་དགོན་དུ་ཡོང་ནས་གྲྭ་བཙུན་དང་། དགོན་པར་སྡོད་པའི་ལས་བྱེད་བཅས་ལ་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་དགོན་པའི་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།  ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱིས་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་། ཝུའུ་ཞའོ་ཅུན་གྱིས“གཏམ་དཔེས་འགྲིག་མཐུན་བྱེད་པ།”“AIདོགས་འདྲི་ལན་འདེབས”སོགས་ཁྱད་ཆོས་ལྡན་པའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཏང་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་རེ་བ་ཐག་གཅོད་བྱེད་པ་དང་།    མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།    མུ་མཐུད་དུ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་ཚོགས་འདུའི་བླང་བྱ་དོན་འཁྱོལ་བྱེད་པ། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། རྫོང་ཁོངས་དཔལ་འབྱོར་དང་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། ནུས་ཤུགས་ཡོད་རྒུས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། མང་ཚོགས་སྔར་ལས་མང་པོའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་རྒྱུར་སྐུལ་ཁྲིད་བཅས་བྱ་དགོས། མཁར་གྲོང་འཆར་འགོད་འཛུགས་སྐྲུན་གྱི་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། མཁར་གྲོང་མཐའ་སྐོར་ལྗང་བསྒྱུར་དང་། བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་དམངས་ཚིས་བཟོ་སྐྲུན་ལག་བསྟར་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་རྒྱུ་སྤུས་མཐོ་བའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་དང་དྲིལ་བསྒྲགས་བྱེད་ཤུགས་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་ཤེས་རྟོགས་ཚད་དང་ཁས་ལེན་ཚད་ཇེ་མཐོར་བཏང་སྟེ། རྫོང་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།

ཧི་ལུའུ་ཁྲུན་དང་ཁྲིན་ཅི་ཝེ་རྟོག་ཞིབ་ཏུ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།