ཟླ11པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་ཐིན་ནས་རྒྱུས་ལོན་པ་ལྟར་ན། བཙགས་སྣུམ་འཁོར་རྒྱུག་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ནོར་སྲིད་ཐིན་སོགས་ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག13དང་མཉམ་འབྲེལ་སྒོས། རྒྱལ་ཁབ་ཀྱི་བྱེད་ཐབས་གསར་པ་བསྒྲགས་རྗེས་རྒྱལ་ཡོངས་སུ་སྔོན་ལ《མཚོ་སྔོན་ཞིང་ཆེན་གྱི་བཙགས་སྣུམ་འཁོར་རྒྱུག་དོ་དམ་བྱེད་ཐབས་ལག་བསྟར་ཞིབ་སྲོལ》དཔར་འགྲེམ་བྱས།
《ཞིབ་སྲོལ》དཔར་འགྲེམ་བྱས་པའི་ཉིན་ནས་བཟུང་ལག་ལེན་བྱེད་དོན་ནི་དུས་སྐབས་གསར་པའི་བཙགས་སྣུམ་འཁོར་རྒྱུག་དོ་དམ་གྱི་བླང་བྱ་གསར་པར་འཚམ་པ་དང་། འགན་འཁྲི་ཁ་གསལ་དང་། མཐུན་སྦྱོར་ཕན་མཐོ། གྲངས་རིག་ལྟ་སྐུལ་དོ་དམ་བཅས་ཀྱི་བཙགས་སྣུམ་འཁོར་རྒྱུག་དོ་དམ་མ་ལག་འཛུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བཙགས་སྣུམ་འཁོར་རྒྱུག་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། གྲངས་རིག་ཅན་བཅས་ཀྱི་དུས་རིམ་གསར་པར་སླེབས་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ཡིན།
《ཞིབ་སྲོལ》ལ་ཁྱོན་བསྡོམས་ལེའུ་དགུ་དང་དོན་ཚན་རེ་བཞི་ཡོད་པ་དེའི་ནང་། སྤྱིའི་རྩ་དོན་དང་བཙགས་སྣུམ་སྡེབ་འཚོང་གི་མཛོད་ཉར་ཐོ་འགོད་དོ་དམ་དང་། སིལ་འཚོང་ལས་གཉེར་ཐོབ་ཐང་ཆོག་འཐུས། ཁེ་ལས་ཀྱི་ལས་གཉེར་ཚད་གཞི། ལྟ་སྐུལ་དོ་དམ། རིག་ནུས་ལྟ་སྐུལ་དོ་དམ་སྟེགས་བུ་འཛུགས་སྐྲུན། འཕྲལ་བསྟུན་མཁོ་སྤྲོད་འགན་སྲུང་། བཅའ་ཁྲིམས་འགན་འཁྲི་དང་ཞར་བྱུང་དོན་ཚན་སོགས་ཀྱི་ནང་དོན་ཚུད་ཡོད་པ་མ་ཟད། ཟུར་དུ《མཚོ་སྔོན་ཞིང་ཆེན་གྱི་བཙགས་སྣུམ་སྡེབ་འཚོང་གི་མཛོད་ཉར་ཐོ་འགོད་བྱ་བའི་ཕྱོགས་སྟོན》དང《མཚོ་སྔོན་ཞིང་ཆེན་གྱི་བཙགས་སྣུམ་སིལ་འཚོང་གི་ལས་གཉེར་ཕྱོགས་བསྡུས་ཆོག་འཐུས་ལས་སྒྲུབ་ཕྱོགས་སྟོན》ཞེས་པའི་ཟུར་བཀོད་གཉིས་ཡོད་པས། ཁེ་ལས་ཀྱིས་འབྲེལ་ཡོད་ལས་སྒོ་བསྒྲུབ་རྒྱུར་མཛུབ་ཁྲིད་གསལ་བོ་བྱས་ཡོད།
སིལ་འཚོང་གི་ལས་གཉེར་ཆོག་འཐུས་ཐད། 《ཞིབ་སྲོལ》ལས་མཚོ་སྔོན་ཞིང་ཆེན་གྱིས་གསར་གཏོད་སྒོས་ལག་ཏུ་བསྟར་བའི“དཔང་བཞི་གཅིག་སྒྲིལ”གྱི་བཅོས་བསྒྱུར་གྲུབ་འབྲས་རྒྱུན་མཐུད་འཐུས་ཚང་དུ་བཏང་བ་དང་། ཚོང་དོན་སྡེ་ཁག་གི《བཙགས་སྣུམ་གྱི་སིལ་འཚོང་ལས་གཉེར་ཆོག་མཆན་དཔང་ཡིག》དང་། འཕྲལ་བསྟུན་སྡེ་ཁག་གི《ཉེན་ཆེའི་རྫས་འགྱུར་དངོས་པོའི་ལས་གཉེར་ཆོག་འཐུས་དཔང་ཡིག》 གནམ་གཤིས་སྡེ་ཁག་གི《ཐོག་གློག་འགོག་སྲུང་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་གྱི་བསམ་འཆར་ཡི་གེ》དང་། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི《ལས་རིགས་ནད་ཀྱི་གནོད་འཚེ་རྣམ་གྲངས་སྙན་ཞུའི་རེའུ་མིག》བཅས《བཙགས་སྣུམ་སིལ་འཚོང་ལས་གཉེར་གྱི་ཕྱོགས་བསྡུས་ཆོག་འཐུས་དཔང་ཡིག》ལ་བསྡུ་སྒྲིལ་བྱས་ཏེ། “དྲ་ལམ་དུ་སྒྲུབ་པ་དང་། གློག་རྡུལ་ཡིག་ཚགས་སུ་ཉར་ནས་སྙན་ཞུ་སྒྲུབ་པའི་བརྒྱུད་རིམ་སྟབས་བདེ་ཆེས་ཆེར་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་ཕན་འབྲས་ཆེ་རུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་ནུས་པ་བསྩལ་ཡོད།
རིག་ནུས་ལྟ་སྐུལ་དོ་དམ་ཐད། 《ཞིབ་སྲོལ》ལས“མཚོ་སྔོན་ཞིང་ཆེན་གྱི་བཙགས་སྣུམ་ཁྲོམ་རའི་རིག་ནུས་ལྟ་སྐུལ་དོ་དམ་སྟེགས་བུ”འཛུགས་སྐྲུན་དང་བཀོལ་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། བཙགས་སྣུམ་གྱི་སྡེབ་འཚོང་དང་། མཛོད་ཉར། སྐྱེལ་འདྲེན། སིལ་འཚོང་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་གཞི་གྲངས་དུས་ཐོག་ཏུ་ཁུངས་འདེད་དང་འགུལ་རྣམ་གྱི་ལྟ་སྐུལ་དོ་དམ་བྱས་ཏེ། ལས་རིགས་གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྲོམ་རར་བཀོད་གཏོང་དང་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་གསལ་བོ་བཏོན་ཡོད།
འཕྲལ་བསྟུན་མཁོ་སྤྲོད་འགན་སྲུང་གི་ལམ་སྲོལ་ཐད། 《ཞིབ་སྲོལ》ལས《མཚོ་སྔོན་ཞིང་ཆེན་གྱི་བཙགས་སྣུམ་བཀོད་གཏོང་མཐུན་སྦྱོར་འཕྲལ་བསྟུན་སྔོན་ཇུས》གཞིར་བཟུང་སྟེ། རིམ་པ་སོ་སོའི་ཚོང་དོན་གཙོ་གཉེར་སྡེ་ཁག་དང་བཙགས་སྣུམ་ལས་གཉེར་ཁེ་ལས་ཀྱིས་འཕྲལ་བསྟུན་རྣམ་པའི་འོག་གི་འགན་འཁྲི་ལས་བགོས་དང་འགན་སྲུང་བྱེད་ཐབས་ཁ་གསལ་བཟོས་ནས། ཞིང་ཆེན་ཡོངས་ཀྱི་བཙགས་སྣུམ་འཕྲལ་བསྟུན་མཁོ་སྤྲོད་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཁྲོམ་རའི་མཁོ་སྤྲོད་བརྟན་བརླིང་གོ་རིམ་ལྡན་པར་འགན་སྲུང་བྱས།
《ཞིབ་སྲོལ》དཔར་འགྲེམ་ལག་ཏུ་བསྟར་བ་འདིས་མཚོ་སྔོན་ཞིང་ཆེན་གྱི་བཙགས་སྣུམ་འཁོར་རྒྱུག་གི་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྡེ་ཁག་གི་མཐུན་སྦྱོར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ལས་གཉེར་མཁན་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཅས་བྱས་ཏེ། བཙགས་སྣུམ་གྱི་འཁོར་རྒྱུག་ལས་རིགས་དེ་བས་བདེ་འཇགས་དང་། ཆོད་ཆེ། ཚད་ལྡན་བཅས་ཀྱི་ཕྱོགས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།