མཚོ་སྔོན་གྱི་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས12ཉིན། གསར་འགོད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ལས་ཞིང་སྡེའི་ཆེད་དོན་ནས་རྒྱུས་ལོན་པ་ལྟར་ན། 2021ལོར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པ་ནས་བཟུང་། མཚོ་སྔོན་གྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་ཏེ། ཚན་རྩལ་གསར་གཏོད་དང་། རྩྭ་ཕྱུགས་དོ་མཉམ། ལས་གཉེར་ལམ་སྲོལ། ལྗང་མདོག་འཁོར་སྐྱོད་སོགས་ཀྱི་ཐད། གུང་ཧོ་རྫོང་གི7+5ཡི་ཕྱུགས་གསོ་བྱེད་སྟངས་དང་། རྩེ་ཁོག་རྫོང་གི་སྦྲ་གུར་མ་རྐང་མཉམ་ལས་ལམ་ལུགས།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཕྱུགས་ར། ཀོས་ནན་རྫོང་གི་གཟན་རྩྭ་འཁོར་རྒྱུག་སྦྲེལ་ཐག་སོགས་ཚོད་ལྟའི་དཔེ་མཚོན་ཉམས་མྱོང་ཁག་ཅིག་བསགས་པས། མཐོ་གྲང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་ལད་ཟློས་ཆོག་པའི་མཚོ་སྔོན་གྱི་དཔེ་མཚོན་འདོན་སྤྲོད་བྱས་ཏེ། མཚོ་སྔོན་གྱི་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་ཡོད།

རྒྱལ་ཁབ་ཀྱི་རྩྭ་ཐང་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ཚོད་ལྟའི་འཛུགས་སྐྲུན་ལ་བརྟེན་ནས། མཚོ་སྔོན་གྱིས་སྔོན་ལ་གུང་ཧོ་དང་། རྩེ་ཁོག ཧེ་ཡན།  དར་ལག་སོགས་རྫོང་བཞི་ནས་ཐོན་མཐོ་དང་ཐོན་ཚད་བརྟན་པའི་སྤུས་ལེགས་གཟན་རྩྭའི་རྟེན་གཞི་དང་། དེང་རབས་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་རྟེན་གཞི། གནོད་འགོག་གནོད་འཕྲིའི་གཟན་རྩྭ་གསོག་འདྲེན་མ་ལག་སོགས་བཟོ་སྐྲུན་ཆེན་པོ་ལྔ་འཛུགས་སྐྲུན་ལག་ཏུ་བསྟར་ཏེ། རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་།

གླེང་རིན་ཡོད་པ་ཞིག་ནི། མཚོ་སྔོན་གྱིས་འབྲོག་ཁུལ་ནས་རྒྱུད་སྤེལ་དང་། མ་ཁང་དུ་གསོ་བ།  ཞིང་ཁྱིམ་ནས་རྒྱུད་སྤེལ་དང་། མ་ཁང་དུ་གསོ་བའི་ཐོན་སྐྱེད་བྱེད་སྟངས་དང་།  ནོར་གནག་གིས་ལོ་གཅིག་ལ་བེའུ་གཅིག་དང་། བོད་ལུག་གིས་ལོ་གཉིས་རེར་ལུ་གུ་ཐེངས་གསུམ་ལ་རྩེབ་པ་སོགས་ཀྱི་དངོས་སྤྱོད་ལག་རྩལ་ཁྱབ་གདལ་དུ་བཏང་ནས། ལུ་གུའི་དཔལ་འབྱོར་སོགས་འཕེལ་རྒྱས་གཏོང་བ་དང་།  ཕྱུགས་ཁྱུའི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། ཚན་རྩལ་ཁྱབ་གདལ་གཏོང་བ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་ལ་ཤུགས་བསྣན་ཏེ། ནོར་ལུག་གི་ཕྱིར་འཚོང་ཚད་ཇེ་མགྱོགས་སུ་བཏང་ཡོད། ལས་རིགས་ཀྱི་བཀོད་གཏོང་ལྟར་ན། ཟླ10པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་ནོར་ལུག་བྱེ་བ་གཉིས་ས་ཡ་གཉིས་དྲུག་སྟོང་ཉིས་བརྒྱ་གསོ་སྤེལ་བྱས་པ་དང་། ནོར་ལུག་ས་ཡ་བརྒྱད་དྲུག་འབུམ་ལྔ་ཁྲི་སུམ་སྟོང་ཕྱིར་འཚོང་བྱས་པ་དེ་ན་ནིང་གི་དུས་མཉམ་ལས8.2%འཕར་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།