ཟླ11པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཐེ་ལེན་གྱི་རྒྱལ་བོ་ཝ་ཅི་ལ་ལུང་ཀུང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་པོ་ཝ་ཅི་ལ་ལུང་ཀུང་གིས་ཀྲུང་གོ་ནི་ཐོག་མར་རྒྱལ་དོན་འཚམས་འདྲི་བྱེད་སའི་རྒྱལ་ཁབ་སྟོབས་ལྡན་དུ་བརྩིས་ཤིང་། ཀྲུང་གོ་དང་ཐེ་ལན་བར་ཕྱི་འབྲེལ་བཙུགས་པའི་ཚུན་ལ་ཀྲུང་གོར་འཚམས་འདྲི་བྱེད་མཁན་གྱི་ཐེ་ལན་གྱི་རྒྱལ་པོ་ཐོག་མར་གྱུར་ཡོད་པས། ཀྲུང་གོ་དང་ཐེ་ལན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང“ཀྲུང་གོ་དང་ཐེ་ལན་ནི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྩེ་སེམས་ཟབ་མོ་གང་ལེགས་ཀྱིས་མངོན་ཡོད། ཞི་ཅིན་ཕིང་གིས་རྒྱལ་ཡུམ་ཧྲི་ལི་ཅི་ཉེ་སྔོན་སྐུ་གཤེགས་པར་མྱ་ངན་ཞུ་བའི་བསམ་པ་བསྟན། ཐེ་ལན་གྱི་རྒྱལ་པོའི་ཁྱིམ་རྒྱུད་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཧ་ཅང་ཟབ་མོ་ཡིན་ཞིང་། ཀྲུང་གོ་དང་ཐེ་ལན་མཛའ་མཐུན་ཡར་སྐུལ་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཞེ་ཐག་པའི་བསྔགས་བརྗོད་བྱེད་ཀྱི་ཡོད། ད་ལོ་ནི་ཀྲུང་གོ་དང་ཐེ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བ་དང“ཀྲུང་གོ་དང་ཐེ་ལན་བར་གསེར་ལྟ་བུའི་མཛའ་མཐུན་བཙུགས་ནས་ལོ་འཁོར50ལོན་པའི་ལོ”ཡིན། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་ལ། རྒྱལ་སྤྱིའི་གནས་ཚུལ་གྱི་འགྱུར་ལྡོག་ཆེན་པོའི་མདུན་དུ། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་ཕན་ཚུན་ལ་རོགས་རེས་བྱས་ཤིང་། ངེས་པ་དོན་གྱི་གཉེན་ཉེ་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡིན། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ནས། ངས་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་དང་མཉམ་དུ་ཀྲུང་གོ་དང་ཐེ་ལེན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ཏེ། རྗེས་མའི་ལོ50ཡི་རིང་ལ་གྲུབ་འབྲས་དེ་བས་ཆེ་བ་བླངས་ནས། ཐུན་མོང་ཐོག་ཀྲུང་ཐེའི་མཛའ་མཐུན་གྱི་ལེའུ་གསར་པ་རྩོམ་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞིར་གྲོས་འཆམ་བྱུང་སྟེ། སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་སུ་འཛིན་རྒྱུ་ཡིན་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་ཡིན། ཐེ་ལན་རྒྱལ་ཁབ་ཀྱང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཐེ་ལན་བར་གྱི་ལྕགས་ལམ་སོགས་ལས་གཞི་ཆེན་པོའི་མཉམ་ལས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། ཐེ་ལན་གྱི་ཞིང་ལས་ཐོན་རྫས་སྤུས་ལེགས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་ངེས་ཡིན། མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཀྲུང་གོ་དང་ཐེ་ལན་གྱི་མཉམ་ལས་ཁྲོད་དངོས་ཕན་དེ་བས་མང་བ་ཐོབ་པར་བྱེད་དགོས། རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་། རྒྱལ་ཁབ་གཉིས་པོའི་མི་དམངས་མང་ཚོགས་ཀྱི་བརྩེ་བ་སྔར་བས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་རྒྱལ་རྒྱུད་ཀྱི་སྤྱི་ཕན་ལས་གཞི་ལ་རྒྱབ་སྐྱོར་ཧུར་ཐག་དང་། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཐེ་ལན་གྱི་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད།
ཝ་ཅེ་ལ་ལུང་ཀུང་གིས་བསྟན་དོན། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང་ཡོད། ལོ་མང་པོའི་རྗེས་ནས་ཡང་བསྐྱར་ཀྲུང་གོར་ཕེབས་པ་དང་། ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེང་རབས་ཅན་གྱི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་བ་མངོན་ཡོད་པས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་བླངས་པར་རྟེན་འབྲེལ་ཞུས་པ་ཡིན་ཞེས་བསྟན། ཐེ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་མཛའ་མཐུན་དམ་ཟབ་དང་མི་དམངས་ཀྱི་འགྲོ་འོང་དམ་ཟབ། གཉིས་ཕན་མཉམ་ལས་རྒྱ་ཁྱབ་གཏིང་ཟབ་བཅས་བྱུང་ཡོད། ཐེ་ཀྲུང་མཉམ་ལས་ནི་སྤུན་ཟླའི་བར་གྱི་མཉམ་ལས་ཡིན། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་གཞིར་བཟུང་ནས། ཁྱབ་ཁོངས་ཁག་གིས་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། ཐེ་ལན་དང་ཀྲུང་གོའི་མཛའ་མཐུན་སྔར་བས་མི་སེམས་ལ་ཟུག་པར་བྱེད་དགོས།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཝ་ཅི་ལ་ལུང་ཀུང་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།