ཟླ11པའི་ཚེས12ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམ་འདྲིར་ཕེབས་པའི་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།
ཞིས་ཅིན་ཕིང་གིས་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ནས་ཀྲུང་གོ་དང་སི་ཕེན་གཉིས་ནི་ལོ་རྒྱུས་དང་རིག་གནས་ཀྱི་ནང་སྙིང་ཟབ་མོ་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ལ། འབྲེལ་བ་བཙུགས་ནས་ལོ་ངོ50ལྷག་གི་རིང་། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རིང་པོར་དམིགས་ནས་ཕྱོགས་གཉིས་འབྲེལ་བའི་འཕེལ་རྒྱས་ལ་ལྟ་སྟངས་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་གྲུབ་འབྲས་ཐོབ་པར་བྱས་ཡོད། ལོ་རྒྱུས་དང་རིག་གནས་མི་འདྲ་ཞིང་། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་ཡང། རྒྱལ་ཁབ་བར་དུ་མཛའ་མཐུན་མཉམ་གནས་སྒོས་འཕེལ་རྒྱས་དོན་གཉེར་བྱེད་པའི་མིག་དཔེ་བསྟན་ཡོད་པར་མ་ཟད་ད་དུང་འཛམ་གླིང་ཡོངས་ཀྱི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད། སི་ཕེན་གྱི་རྒྱལ་པོས་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བའི་འཕེལ་རྒྱས་ལ་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ20འཁོར་བའི་མཚམས་སུ། རྒྱལ་པོ་ཧྥེ་ལི་ཕེ་སྐུ་རབས་དྲུག་པས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་མུ་མཐུད་ནས་མདུན་ཕྱོགས་སུ་འཕེལ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་གཅེས་སྤྲས་བྱེད་ཀྱི་ཡོད་དེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་སི་ཕེན་གྱི་ཐུན་མོང་མ་ཡིན་པའི་ནུས་པར་མཐོང་ཆེན་བྱས་ཏེ་སི་ཕེན་དང་མཉམ་དུ། ལག་གདང་སྦྲེལ་ནས་འཐབ་ཇུས་ཀྱི་ངེས་ཤུགས་སྔར་བས་ཆེ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་དྲག་པ། རྒྱལ་སྤྱིའི་ཤུགས་རྐྱེན་སྔར་བས་ཆེ་བ་བཅས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་བརྒྱུད་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་ལ་བསྐྱོད་རྒྱུར་འགན་ལེན་བྱས་ཡོད། སྔར་ལས་ལྷག་པའི་སྒོ་ནས་དངོས་གཉེར་མཉམ་ལས་ལ་སྐུལ་སྤེལ་བཏང་ནས་། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་གྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱས་ནས་ནུས་རྒྱུ་གསར་པ་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་འདོད་ཡོད། ཕན་ཚུན་གྱི་དངུལ་གཏོང་ཇེ་མང་དུ་བཏང་ནས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་བས་མང་བ་གཏོད་དགོས། ཕྱོགས་གཉིས་པོས་ད་དུང་ལེགས་ཆ་གསབ་རེས་བྱས་ཏེ་ལ་ཏིང་མེ་གླིང་སོགས་ཕྱོགས་གསུམ་པའི་ཁྲོམ་ར་ཐུན་མོང་ཐོག་གསར་འབྱེད་བྱེད་ཆོག དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་རིག་གནས་སློབ་གསོའི་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་རིག་གནས་དང་སྐད་བརྡའི་སྒྲིག་འཛུགས་ཡག་པོ་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ནུབ་ཕྱོགས་སུ་མིང་རྟགས་འགོད་མི་དགོས་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་འགྲོ་འོང་ཇེ་མང་དུ་སོང་བ་དང་བསྟུན་བརྩེ་བ་ཡང་དེ་བཞིན་དུ་ཉེ་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ80འཁོར་བའི་ལོ་ཡིན་ཏེ། དེང་གི་འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་དང་བསྟུན། ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་སྔར་བཞིན་འགན་འཁྲི་ལྕི་ལ་བགྲོད་ལམ་རིང་། དེ་བས་ངས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཚུལ་བཏོན་པ་ཡིན། རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ལམ་ལུགས་ཀྱི་ཁྱད་པར་དང་འདུ་ཤེས་འཛིན་སྟངས་ཀྱི་སོ་སོའི་ལྟ་བ་ལས་བརྒལ་ཏེ་གླེང་མོལ་དང་གྲོས་མོལ་བརྒྱུད་ནས་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ། ཐུན་མོང་ཐོག་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྐྱིད་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་དོན་དངོས་སུ་འགྱུར་བར་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་གི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། རང་མོས་ཉོ་ཚོང་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སོགས་བཙུགས་པ་བརྒྱུད། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་བསྟན།
ཧྥེ་ལི་ཕེ་སྐུ་རབས་དྲུག་པས་སི་ཕེན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་མཚམས་སུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང་། སི་ཕེན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱི་འབྲེལ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་བྱས་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་གཞོལ། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་བཞིན་ཡོད། ལྷག་པར་དུ་དབུལ་སྒྲོལ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཐད་ཀྱི་རྒྱལ་ཁའི་གྲུབ་འབྲས་ཉམས་མྱོང་དེ་དཔེ་གཞིར་འཛིན་རིན་ཡོད་པ་རེད། སི་ཕེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་ནས་མདུན་ཕྱོགས་སུ་འཕེལ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་འདོད་ཡོད་པ་གསུངས་ལ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་པ་དེས་སི་ཕེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ནུབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”ལག་ལེན་ལས་བྱུང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་དཔལ་འབྱོར་ཚོང་དོན་དང་། བཟོ་ལས། ཚན་རྩལ། ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ལ་མིང་རྟགས་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རིག་གནས་དང་། སྐད་རིགས། ཡུལ་སྐོར་བཅས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་དམ་ཟབ་བྱས་ཏེ་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་གསུངས། ལོ་རྒྱུས་ནི་མདུན་དུ་བསྐྱོད་དགོས་པ་ལས་ཕྱིར་བཤོལ་བྱེད་མི་རུང་། སི་ཕན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་གནད་དོན་མང་པོའི་ཐད་ཀྱི་ལྟ་བ་ཚད་མཐོའི་གཅིག་གྱུར་ཡོངས་ཡོད་དེ། དེ་ནི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། གླེང་མོལ་དང་གྲོས་མོལ་བྱེད་པར་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། སི་ཕེན་གྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་གནས་བབ་ཁྲོད་ཀྱི་ངེས་གཏན་མེད་པའི་རང་བཞིན་ལ་ཐུན་མོང་ཐོག་ཁ་གཏད་འཇལ་བ་དང་། རྒྱལ་སྤྱིའི་ཉོ་འཚོང་སྒྲིག་ལམ་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་བརླིང་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།
མཇལ་འཛོམས་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་འཛིན་གྱིས་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ10ལ་མིང་རྟགས་བཀོད་པ་དང་ཐུན་མོང་ཐོག་དཔང་པོ་གནང་།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྥེ་ལི་ཕེ་སྐུ་རབས་དྲུག་པ་དང་སྐུ་ཟླར་ཕེབས་བསུའི་གསོལ་སྟོན་བསྡུས།
ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།