ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས6ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ནས་ཞིབ་འཇུག་བགྲོ་གླེང་བྱས་ནས། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོངས་དང་། ཚྭ་མཚོའི་ཐོན་ཁུངས་དོ་དམ་དང་བུ་ལོན་ཉེན་ཁ་སེལ་བ། གཙོ་གནད་ཁེ་ལས་བར་གྱི་འཐབ་ཇུས་མཉམ་ལས་ཟབ་སྤེལ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོ་ལ་ཧྲིལ་བོའི་བུད་མེད་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཐེངས་སོ་གཉིས་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་རང་ཞིང་གི་བུད་མེད་བྱ་གཞག་གི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། རྒྱ་ཆེའི་བུད་མེད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་ཕུལ་བྱུང་གྲུབ་འབྲས་ལེན་པར་རྒྱབ་སྐྱོར་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་ཀྱི་སྒོ་འབྱེད་སྟེགས་བུའི་རིམ་པ་མཐོར་འདེགས་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། སྒོ་འབྱེད་ཀྱི་དཔལ་འབྱོར་གྱི་རྣམ་པ་གསར་བ་བསྐྲུན་དགོས། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། ཁྱད་ལྡན་ཐོན་ལས་རྒྱ་བསྐྱེད་པ། ཞིང་ལས་ཤེས་བྱ་རྟོགས་པ་དང་ཞིང་ལས་ལ་དགའ་མོས་ཡོད་པའི་འཇོན་མི་སྐྱེད་སྲིང་བཅས་བྱས་ནས། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་ངང་འཛུགས་པར་བྱས་རྗེས་གསར་བ་འཇོག་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གྲུབ་འབྲས་སྤྱི་སྡོམ་གྱི་བརྒྱུད་རིམ་ཁྲོད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དཔེ་བསྡུར་ཚད་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་བྱ་བ་འཆར་འགོད་དང་དངོས་འབེབས་ནན་མོ་བྱེད་པ་དང་། ལོ་རྒྱུས་ཀྱི་ཁ་ཕྱོགས་སྔར་ལས་དམ་འཛིན་དང་འཕེལ་རྒྱས་ཀྱི་དམིགས་འབེན་ཡང་དག་པར་འཚོལ་བ། འགུལ་སྐྱོད་ཀྱི་ལམ་ཕྱོགས་གཏན་འཁེལ་གསལ་བོ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་འགོད་བྱ་དགོས། དངོས་སྒྲུབ་སྔོན་བརྩོན་གྱི་བརྒྱུད་རིམ་ཁྲོད་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་དང་། བཟོ་ལས་དང་དངུལ་གཏོང་། འཛད་སྤྱོད་སོགས་ཁྱབ་ཁོངས་ཀྱི་འཕར་སྣོན་སྦས་ཤུགས་སྔོག་འདོན་དང་། བདེ་འཇགས་ཀྱི་ཚད་མཐའ་སྔར་ལས་བརྟན་སྲུང་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་སྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོར་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཚྭ་མཚོའི་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་འགའ་ཞེས་པར་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་འཛུགས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། བསྟུད་མར་ཚྭ་མཚོའི་ཐོན་ཁུངས་སྔོག་འདོན་དང་ཕྱོགས་བསྡུས་འཁོར་རྒྱུག་བེད་སྤྱོད་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ་དང་། ཚྭ་མཚོའི་ཐོན་ཁུངས་དོ་དམ་གྱི་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ་དང་། ཐོན་ཁུངས་གཅིག་སྡུད་གྲོན་ཆུང་གི་ནུས་མཐོའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་འདེགས་སྐྱོར་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་བསྐྲུན་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེན་ཁ་ཚབས་ཆེན་སེལ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། སྲིད་ཇུས་ཀྱི་ལག་ཆ་བེད་སྤྱོད་ལེགས་པོ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ས་གནས་ཀྱི་བུ་ལོན་ཉེན་ཁ་སེལ་བ་བཅས་བྱས་ནས། ཁུལ་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་ཀོང་ཧི་སྡེ་ཚོགས། ཀྲུང་གོའི་ཧྭ་ནུན་སྡེ་ཚོགས། རོན་ཐུང་སྒུལ་ཤུགས་སོགས་གཙོ་གནད་ཁེ་ལས་བར་གྱི་མཉམ་ལས་ཟབ་སྤེལ་བྱ་བར་ཞིབ་འཇུག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཁུངས་གསར་བ་དང་གཞི་གྲངས་ཆེན་མོ། ལྗང་གློག་ནུས་གསོག ལྗང་མདོག་རྩིས་ནུས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ལ་དམིགས་ནས་འབྲེལ་འདྲིས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། མཉམ་ལས་བྱ་བར་གསལ་ཐོ་ཅན་གྱི་བཀོད་སྒྲིག་དང་རྩིས་ཐོ་རྣམ་པའི་དོ་དམ་བྱས་ཏེ། མཉམ་ལས་བྱ་བ་དང་འཛུགས་སྐྲུན་ལས་གཞི་སྔ་མོར་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།