མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན་ནས་ཚེས6ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་རྟོག་ཞིབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱིས“གནས་བཞི”འཛུགས་སྐྲུན་ལ་སྟོབས་ནུས་སྩོལ་བ། ཐོན་ཁུངས་དགེ་མཚན་དེ་དཔལ་འབྱོར་དགེ་མཚན་དུ་འགྱུར་བར་སྐུལ་འདེད་བཏང་ནས། ལྗང་མདོག་གསོག་ཚད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་ཚད་དུ་བསྒྱུར་དགོས།
བྱེ་ཐང་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ། རླུང་ནུས་དང་འོད་ནུས་འཛོམས་པོ་ཡོད། ཝུའུ་ཞའོ་ཅུན་ཧྭ་གློག་ན་གོར་མོའི་དུས་རིམ་དང་པོའི2×660MWརྡོ་སོལ་གློག་ཤུགས་ལས་གཞིའི་ཡུལ་དངོས་སུ་སོང་ནས། “ལས་གཞིའི་མྱུར་ཚད་དང་བྱེ་ཐང་གི”ནུས་ཁུངས་ཕྱིར་སྐྱེལ་རྟེན་གཞིའི་འཛུགས་སྐྲུན། སྐྱེལ་འདྲེན་བརྒྱུད་ལམ་གྱི་སྐྱེལ་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། མཐོ་སྒང་གི་ལས་སྐྲུན་ཇུས་གཞི་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས་ནས། ལས་གཞིས་སྔ་མོ་ནས་ནུས་ཁུངས་ཀྱི་འགན་སྲུང་ནུས་པ་འདོན་པར་ཁག་ཐེག་དང་། ཁུལ་ཁོངས་ཀྱི་ནུས་ཁུངས་སྒྲིག་གཞི་ལེགས་སྒྱུར་དང་དཔལ་འབྱོར་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།
མཚོ་སྔོན་ལྗང་གློག་ནུས་གསོག་ཚན་རྩལ་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་གཤེར་རྣམ་རླུང་གནོན་ནུས་གསོག་དཔེ་སྟོན་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་ལ་ཉན་ཞིང་། ལས་གཞིའི་མྱུར་ཚད་དང་འཆར་འགོད་སྒྲིག་གཞིར་བལྟས་ནས། ཐོན་སློབ་ཞིབ་གསུམ་གྱི་ཟུང་འབྲེལ་རྒྱུན་འཁྱོངས་དང་། གཤེར་རྣམ་མཁའ་རླུང་ནུས་གསོག་ལག་རྩལ་ཚད་གཞི་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བསྐྱར་སྐྱེས་ནུས་ཁུངས་འཛད་སྤྱོད་དང་གློག་དྲའི་མཐོ་ཚད་སྙོམས་སྒྲིག་བྱེད་པར་རོགས་རམ་བྱས་ཏེ། ལས་གཞི་དེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་ཚད་ཤིང་དུ་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།
མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ལི་གློག་ཚན་རྩལ་ཡན་ལག་ཀུང་ཟི་རུ། ཝུའུ་ཞའོ་ཅུན་སྔ་རྗེས་སུ་ཚོད་འཛིན་ཁང་དང་འཁོར་ཁང་བཟོ་གྲྭ་རུ་སོང་ནས། ཐོན་སྐྱེད་ལག་རྩལ་དང་བཟོ་རྩལ་བརྒྱུད་རིམ། ལས་གཞིའི་དོ་དམ་སོགས་ལ་འདྲི་རྩད་ཞིབ་མོ་བྱས་ཏེ། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་བཟོ་རྩལ་གསར་གཏོད། འདུ་ཤེས་གསར་གཏོད་བཅས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཐོན་ནུས་དང་སྤུས་ཀ་བསྟུད་མར་མཐོར་འདེགས་གཏོང་བ། ཚད་རིམ་སྔར་ལས་མཐོ་ས་ནས་ཐོན་ལས་ཕྲེང་འབྲེལ་ལ་སྒྲིག་བཀོད་དང་། སྨད་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་མ་དཔེ་འབད་པས་བསྐྲུན་དགོས་པའི་སྐུལ་མ་བཏང་།
ཝུའུ་ཞའོ་ཅུན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི“གནས་བཞི”འཛུགས་སྐྲུན་གྱི་རླབས་ཆེན་དཔེ་རིས་ལ་དམིགས་ཤིང་། མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། ནུས་ཁུངས་གསར་འབྱེད་དང་སྐྱེ་ཁམས་སྲུང་སྐྱོབ་གཅིག་འདོམས་དང་། དག་གཙང་ནུས་ཁུངས་དང་ཚྭ་མཚོའི་རྫས་འགྱུར་བཟོ་ལས་སོགས་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ་དེ་གཞི་འཛིན་ས་གལ་ཆེན་དུ་བརྩི་བ་དང། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་འབྲེལ་ཐག་གི་སྦྲེལ་ཐག་སྣུར་སྲིང་དང་། སྦྲེལ་ཐག་ཁ་གསབ། སྦྲེལ་ཐག་ལེགས་སྒྱུར་བཅས་ལ་སྟོབས་ནུས་སྩོལ་བ། གཙོ་རྒྱུའི་ཐོན་ཁུངས་ཀྱིས་གཙོ་གནད་ཁྱབ་ཁོངས་ཀྱི་གཅིག་སྡུད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གཅིག་སྡུད་ཅན་དང་མཉམ་འདྲེས་ཅན། སྐྱེ་ཁམས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་བརྟན་བརླིང་འཁོར་སྐྱོད་ཀྱི་རྨང་གཞི་བསྟུད་མར་སྲ་བརྟན་དུ་གཏོང་དགོས། “ནམ་རྒྱུན་སེམས་ཁུར་བྱེད་པའི”འགན་འཁྲིའི་འདུ་ཤེས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་ར་སྲ་བརྟན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱིས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དག་སྒྲིག་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།