འཁྲབ་སྟོན་པ་པད་མ་སྐྱིད་ལ“ཝུན་ཧྭ་འཁྲབ་སྟོན་བྱ་དགའ”ཐོབ་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ11པའི་ཚེས4ཉིན། སྐབས་བཅུ་བཞི་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དང་སྐབས་བཅོ་བརྒྱད་པའི་ཝུན་ཧྭ་བྱ་དགའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཁྲུང་ཆིན་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ(རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པ)ཡིས་གསར་དུ་བཟོ་སྒྲིག་དང་འཁྲབ་སྟོན་བྱས་པའི་ཨ་མདོའི་རྣམ་ཐར་ཟློས་གར་ཆེན་མོ《གྱིམ་ཤིང་ཀོང་ཇོ》ཡི་འཁྲབ་སྟོན་པ་གཙོ་བོ་པད་མ་སྐྱིད་ཀྱིས་ཆེས་ཕུལ་དུ་བྱུང་བའི་གར་སྟེགས་འཁྲབ་རྩལ་ལ་བརྟེན་ནས་ཝུན་ཧྭ་འཁྲབ་སྟོན་བྱ་དགའ(རྒྱལ་ཡོངས་སུ་བཅུ་ལས་མེད)བླངས་པ་དང་། དེ་ནི་མཚོ་སྔོན་ལ་ལོ་རྒྱུས་ཐོག“ཝུན་ཧྭ་འཁྲབ་སྟོན་བྱ་དགའ”ཐོབ་ཐེངས་དང་པོ་ཡིན་པ་རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་མདོའི་རྣམ་ཐར་ཟློས་གར་ཆེན་མོ《གྱིམ་ཤིང་ཀོང་ཇོ》ནི་སྐབས་འདིའི་སྒྱུ་རྩལ་དུས་ཆེན་ཐོག་བདམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི་ཟློས་གར་འཁྲབ་ཚན55ཡི་ཁྲོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་བརྩམས་ཆོས་གཅིག་པུ་དེ་རེད། ཟློས་གར་དེར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི2022ལོའི་གར་སྟེགས་སྒྱུ་རྩལ་གསར་རྩོམ་རྣམ་གྲངས་འཛུགས་སྐྱོང་གི་རོགས་སྐྱོར་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པས་ལོ་གསུམ་རིང་བཟོ་སྒྲིག་ཞིབ་ཚགས་བྱས་ཏེ། ཐང་བོད་གཉེན་འབྲེལ་གྱི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ཏེ། བྱིས་དུས་ཀྱི་འཚོ་བ་དང་། བོད་དུ་ཕེབས་པ། མནའ་འབྲེལ་ལ་སྐུལ་འདེད། ཤེས་རིག་ཁྱབ་སྤེལ་སོགས་ནང་དོན་གཙོ་བོ་དག་ལ་བརྟེན་ནས་གྱིམ་ཤིང་ཀོང་ཇོས་ཁྱིམ་ཚང་དང་རྒྱལ་ཁབ་ཐུགས་ལ་བཞག་ཅིང་། དཔའ་སྟོབས་དང་བློ་གྲོས་ལྡན་པའི་བུད་མེད་ཀྱི་གཟུགས་བརྙན་ཞིབ་ཅིང་ཕྲ་བའི་སྒོ་ནས་གསར་བཞེངས་བྱས་ཡོད།

ཨ་མདོའི་རྣམ་ཐར་ཟློས་གར་ཆེན་མོ《གྱིམ་ཤིང་ཀོང་ཇོ》ཡིས་ཨ་མདོའི་རྣམ་ཐར་ཟློས་གར་གྱི་སྲོལ་རྒྱུན་གྱི་རྣམ་པ་སོར་འཇོག་བྱས་པའི་རྨང་གཞིའི་སྟེང་། ད་དུང་ཁྲང་ཞི་ཟློས་གར་དང་དེང་རབས་སྒྱུ་རྩལ་གྱི་ཉིང་བཅུད་ཀྱང་བསྡུ་ལེན་བྱས་ཡོད། ལས་རིགས་གཅིག་པའི་ཆེད་མཁས་པས་ཨ་མདོའི་རྣམ་ཐར་ཟློས་གར་འདི་ནི་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་བོད་ཀྱི་ཨ་ཅེ་ལྷ་མོའི་ཟློས་གར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་ཞིག་ཡིན་པ་མ་ཟད། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མི་རིགས་རིག་གནས་དར་རྒྱས་ཀྱི་གྲུབ་འབྲས་རྒྱལ་ཡོངས་ལ་ངོ་སྤྲོད་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

འཁྲབ་སྟོན་པ་གཙོ་བོ་པད་མ་སྐྱིད་ལ་ཝུན་ཧྭ་འཁྲབ་སྟོན་བྱ་དགའ་ཐོབ་པ་དེ་ནི་ཁོང་མི་སྒེར་གྱི་སྒྱུ་རྩལ་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། དེ་བས་མཚོ་སྔོན་གྱི་གར་སྟེགས་སྒྱུ་རྩལ་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་རེད། པད་མ་སྐྱིད་ནི་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྐྱོག་སྤེལ་གསུམ་བྱེད་པའི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་ལ། ཨ་མདོའི་རྣམ་ཐར་ཟློས་གར་ཆེན་མོ《གྱིམ་ཤིང་ཀོང་ཇོ》ཡི་ནང་མོས་ལོ་རྒྱུས་ཀྱི་དངོས་བྱུང་མི་སྣ་གསོན་ཉམས་དོད་པོའི་སྒོ་ནས་འཁྲབ་སྟོན་བྱས་པས། མོའི་འཁྲབ་རྩལ་ལ་ལས་རིགས་ནང་ཁུལ་གྱི་མི་སྣ་དང་ལྟད་མོ་པ་ཚོའི་རྒྱ་ཁྱབ་ཀྱི་ཁས་ལེན་ཐོབ་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།