ཟླ11ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ཅིའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལཱ་ལ་པཱ་ལཱ་ཝུའུ་དང་མཉམ་དུ་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས། ཀྲུང་གོ་དང་ཧྥི་ཅིའི་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཧྥི་ཅི་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཐོག་མ་ཡིན། ཀྲུང་གོ་དང་ཧྥི་ཅིའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་འགོར་བའི་ཚུན་ལ། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། མཉམ་ལས་མཉམ་རྒྱལ་བྱས་ནས། ཕན་ཚུན་རང་ངོས་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བར་མཉམ་སྐྲུན་བྱས་པར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་ཀྲུང་གོ་དང་ཧྥི་ཅིའི་མཛའ་བརྩེ་སྔར་བས་མི་སེམས་སུ་འཇགས་པར་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཧྥི་ཅིའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད་དེ། སྲིད་འཛིན་ལཱ་ལ་པ་ལ་ཝུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བ་གོ་སྐབས་སུ་བཟུང་ནས། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་སྐྱེད་དེ། ཀྲུང་གོ་དང་ཧྥི་ཅིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
ལཱ་ལ་པ་ལ་ཝུའུ་ཡིས་བསྟན་དོན། ཧྥི་ཅི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་ནི་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་ཀས་ཕན་ཚུན་ལ་བརྩི་འཇོག་དང་། ཐུན་མོང་གི་ཁེ་ཕན། དེ་མིན་ཞི་བདེ་དང་དར་རྒྱས་ཡོང་བའི་ཐུན་མོང་གི་རེ་འདུན་བཅས་ཀྱི་རྨང་གཞིའི་ཐོག ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་དེ། ས་ཁུལ་དང་རྒྱལ་སྤྱིའི་འགྲན་སློང་ལ་ཁ་འཇལ་ཆེད་བྱས་རྗེས་གལ་ཆེན་བཞག ཧྥི་ཅི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་སྔར་ལས་གཏིང་ཟབ་པ་དང་གསོན་ཤུགས་ལྡན་ལ། མདུན་ལྗོངས་སྔར་ལས་ཡངས་བར་ཡིད་ཆེས་བརྟན་པོ་ཡོད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཧྥི་ཅིའི་ཙུང་ལི་ལན་པུའུ་ཁ་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྥི་ཅིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད་དེ། ཧྥི་ཅི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་གོ་སྐབས་དང་བསྟུན་ཏེ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཧྥི་ཅིའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ལན་པུའུ་ཁ་ཡིས་བསྟན་དོན། ཧྥི་ཅི་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་གཅེས་སྤྲས་བྱེད་པ་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྐྲུན། ཧྥི་ཅི་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་། ཡུན་རིང་མཛའ་མཐུན། ཐུན་མོང་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བ་ཟབ་སྤེལ་བྱེད་པར་རེ་སྒུག་བྱས་ཡོད།