ཟླ11པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་དམར་པོའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་འགོ་འཛིན་བྱས།
ཚོགས་འདུའི་སྟེང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ཞིང་ཆེན་སློབ་གསོ་ཐིན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་ཏང་ཨུ་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ཆེད་མཁས་པའི་འཐུས་ཚབ་ཀྱིས་སོ་སོར་ཏང་གི་ལོ་རྒྱུས་དམར་པོའི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། དམར་པོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། དམར་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་བརྗེ་རེས་གྲོས་སྡུར་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། དམར་པོའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། མཚོ་སྔོན་གྱི་དམར་པོའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ། སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། མ་ལག་རང་བཞིན་དང་ཆ་ཚང་རང་བཞིན། མཐུན་སྦྱོར་རང་བཞིན་ལ་མཐོང་ཆེན་བྱེད་པ། ཚན་རིག་དང་མཐུན་པའི་འཆར་འགོད་དང་གནད་འཁེལ་ཇུས་བསྟར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དམར་པོའི་སྒུལ་ནུས་བསྣོན་དགོས། ཁྱོན་ཡོངས་ནས་ཚད་མཐའ་རྟོགས་པ་དང་རིགས་དབྱེ་གནད་འཁེལ་སྲུང་སྐྱོབ་ལག་བསྟར་བྱེད་པ། སྤྱི་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་འཇུག་གསལ་འགྲེལ་དང་དྲིལ་བསྒྲགས་སྐུལ་སྤེལ་ལ་ཤུགས་སྣོན་པ། ཞིབ་འཇུག་གི་སྟོབས་ཤུགས་གཅིག་སྡུད་བྱེད་པ། སྙིང་སྟོབས་གཅིག་བསྡུས་དང་སྐད་ཆ་བཤད་སྟངས་གསར་གཏོད་བྱས་ཏེ། དམར་པོའི་ལོ་རྒྱུས་ལ་གསོན་ཤུགས་བསྩོལ་དགོས། རྒྱུན་འཛིན་ལམ་བུ་རྒྱ་བསྐྱེད་པ་དང་། དམར་པོའི་ཁྲག་རྒྱུན་རྒྱུན་མཐུད་པ། སློབ་གསོའི་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ། གཡུལ་སའི་བཙན་རྫོང་སྟོབས་ལྡན་དུ་གཏོང་བ། རིག་རྩལ་སྤུས་ལེགས་ཐོན་རྫས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། དམར་པོའི་ཡུལ་སྐོར་སྟོབས་ཆེན་དུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་སྩོལ་བ། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བའི་མཉམ་ཤུགས་གཅིག་སྡུད་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་སྦྲེལ་མཐུད་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་དམར་པོའི་རིག་གནས་ལ་དུས་རབས་གསར་པར་འོད་མདངས་གསར་པ་འཚེར་བར་སྐུལ་འདེད་གཏོང་དགོས།