མགོན་པོ་བཀྲ་ཤིས་ཀྱིས་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད་རྟོག་ཞིབ་བྱ་བ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ11པའི་ཚེས5ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་སིར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་ངར་ཤུགས་ཆེར་བསྐྱེད་ཀྱི་སྒོ་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་བདེ་བླག་ངང་མཇུག་བསྡུ་བར་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

མགོན་པོ་བཀྲ་ཤིས་ཐོག་མར་ཁེ་ལས་ཀྱི་སྣང་བརྙན་འགྲེམ་ཁང་དུ་སོང་ནས་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱས། ཁོས་ལས་བྱེད་མི་སྣའི་མཚམས་སྦྱོར་ལ་ཞིབ་ཏུ་ཉན་པ་ལས་གཞན་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་དང་བརྗེ་རེས་གྲོས་སྡུར་བྱས། ཁོས་བཤད་རྒྱུར། ཁེ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པ་ལས་ཁོར་མྱོང་ཚོང་ཟབ་མོ་ཐེབས་སུ་བཅུག ནུབ་རྒྱུད་གཏེར་ལས་ཀྱི་ད་ལྟའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཏང་ཨུའི་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོར་རག་ལས་ཤིང་། ནུབ་རྒྱུད་གཏེར་ལས་པ་རབས་དང་རབས་ཀྱི་དཀའ་སྤྱད་འབད་འབུངས་དང་སྒེར་སེམས་པར་ཡོད་ཚད་ལས་དོན་ལ་གཞོལ་བར་རག་ལས་པས། འདི་འདྲའི་སྙིང་སྟོབས་ནི་ནུབ་རྒྱུད་གཏེར་ལས་ཀྱི་རྩ་ཆེ་བའི་རྒྱུ་ནོར་ཡིན། འཕེལ་རྒྱས་ཀྱི་ལོ་རྒྱུས་གཏིང་ཟབ་ཏུ་སྔོག་འདོན་དང་། སྙིང་སྟོབས་ཀྱི་ནང་སྙིང་རྒྱུན་འཛིན་བཟང་པོ་བྱས་ཏེ། དེ་ཁེ་ལས་རིག་གནས་ཁྲོད་འདྲེས་པར་བྱེད་པ་དང་། ལོ་རྒྱུས་ཀྱིས་བསགས་པའི་སྙིང་སྟོབས་ཀྱི་སྟོབས་ཤུགས་དེ་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་ནས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྔར་ལས་མང་བའི་བྱས་རྗེས་འཇོག་དགོས།

བཞུགས་མོལ་ཚོགས་ཐོག་ཏུ། མགོན་པོ་བཀྲ་ཤིས་ཀྱིས་རང་སྟེང་གི་སློབ་སྦྱོང་མྱོང་བ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཚང་མར་སྒྲོག་འགྲེལ་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་རི་མོ་བཀོད་ཡོད། ནུབ་རྒྱུད་གཏེར་ལས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཟུང་འབྲེལ་བྱེད་པ་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་སྣེ་ཁྲིད་དུ་འཛིན་པ་དང་། ཁེ་ལས་ཀྱི་དོན་དངོས་ལ་གཞིགས་ནས་དངོས་འབེབས་དམ་འཛིན་བྱེད་དགོས་ལ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁེ་ལས་སུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། དེའི་རྗེས། མགོན་པོ་བཀྲ་ཤིས་ཀྱིས་ཁེ་ལས་ཀྱི་ཉེ་དུས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་ཉན་པ་དང་། མིག་སྔའི་འཕེལ་རྒྱས་ཁྲོད་ཀྱི་འགག་གནད་དང་དཀའ་གནད་རྒྱུས་ལོན་བྱས་ཤིང་། འཆར་གཞི་འགོད་རོགས་དང་དཀའ་གནད་སེལ་རོགས་བྱས། ཁོས་བསྟན་དོན། ནུབ་རྒྱུད་གཏེར་ལས་ཀྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དངོས་སྒྲུབ་དུ་འགྱུར་བར་བྱས་ཏེ། བསླབ་པའི་གྲུབ་འབྲས་དེ་ད་ལྟའི་ཁེ་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་སྟེང་ཇི་མ་ཇི་བཞིན་མངོན་པར་བྱེད་དགོས། མགོ་ཁྲིད་ཚན་ཁག་གིས་ཁེ་ལས་ཀྱི་རྒྱུན་མཐུད་རང་བཞིན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་བསམ་བློ་གཅིག་གྱུར་དང་། ངོས་འཛིན་ཇེ་མཐོར་བཏང་སྟེ། ཁེ་ལས་ཀྱིས་འགག་སྒྲོལ་དཀའ་སེལ་བྱེད་པར་སྣེ་ཁྲིད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བརྟན་པོར་བསྐྱོད་ཐུབ་ཅིང་། བགྲོད་ལམ་སྔར་ལས་ཡངས་པོར་འབྱེད་དགོས། ཚྭ་ཡི་ལེའུ་ལེགས་པོར་སྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་དགེ་མཚན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་མཚོ་སྔོན་ནས་ཕྱིར་འཚོང་བ་དང་། རྒྱལ་ཡོངས་སུ་ཐོན་པར་རོགས་ཤུགས་འདོན་རྒྱུ་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།