ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པའི་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ11པའི་ཚེས5ཉིན། ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པའི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།  ཕན་འབྲས་སྤྱི་སྡོམ་དང་ཉམས་མྱོང་བརྗེ་རེས། གཙོ་གནད་འཆར་འགོད་བཅས་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་མའེ་འར་ཏན་མུའུ་ཀའེ་ཐིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། ཞིང་ལས་ཞིང་སྡེ་པུའུ་ཡི་མཛུབ་སྟོན་དང་རྒྱབ་སྐྱོར་ནུས་ལྡན་འོག་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག ཕྱིར་གཏོང་ཁུལ་འཛུགས་སྐྲུན་གྱི་ལྗང་མདོག་རང་མདངས་སྔར་ལས་གསལ་ཞིང་། སྐྱེ་ལྡན་གྱི་ཚོན་མདངས་སྔར་ལས་ལེགས་པ་དང་། ཐོན་ལས་རྨང་གཞི་སྔར་ལས་བརྟན་པ། འཕེལ་རྒྱས་ཀྱི་ངར་ཤུགས་སྔར་ལས་དྲག་པ། ཁྱད་ལྡན་ཟོང་རྟགས་སྔར་ལས་མིང་གྲགས་ཆེ་བ། ཁྲོམ་རའི་རྒྱུག་ཚད་སྔར་ལས་ཆེ་བ་བཅས་ཡིན་ཕྱིར། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་སྔར་ལས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམིགས་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་བརྒྱུད་དེ་བློ་རྩ་བརྟན་པོས་མདུན་དུ་བསྐྱོད་པ་དང་། ཐོན་ལས་ཀྱི་ཚད་གཞི་མཐོན་པོ་དང་ཐོན་རྫས་ཀྱི་སྤུས་ཀ་ལེགས་ཤོས། ཕྱིར་གཏོང་གི་རིན་ཐང་མཐོན་པོ་བཅས་དམིགས་འབེན་དུ་བྱས་ནས། ཐོན་ཁུངས་ཕྲེང་སྦྲེལ་ལེགས་སྒྱུར་དང་ཐོན་རྫས་ཕྲེང་སྦྲེལ་རྒྱུན་བསྲིངས། ཕྱིར་འཚོང་ཕྲེང་སྦྲེལ་རྒྱ་བསྐྱེད་བཅས་བྱས་ཏེ། ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་། ཕྱིར་གཏོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས་དང་ཞིང་ཕྱུགས་ཐོན་རྫས་འདོན་སྤྲོད་ཀྱི་འགན་སྲུང་ནུས་པ་གཅིག་འདོམས་བྱས་ཏེ། གྲངས་ཚད་བརྟན་པོ་དང་སྤུས་ཀ་མཐོར་འདེགས། ལྗང་མདོག་ཚབ་བརྗེས། འདེབས་གསོའི་འཁོར་རྒྱུག་བཅས་ལ་སྤྱིའི་ཆ་ནས་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕྲེང་སྦྲེལ་རྒྱུན་བསྲིངས་དང་ཕྲེང་སྦྲེལ་ཁ་གསབ་ལ་དམིགས་ནས། ཚན་རྩལ་སྦྲེལ་སྣེ་དང་ཐོན་སྐྱེད་སྦྲེལ་སྣེ། ལས་སྣོན་སྦྲེལ་སྣེ། འཛད་སྤྱོད་སྦྲེལ་སྣེ་བཅས་ཀྱི་མཐུན་སྦྱོར་ཤུགས་འདོན་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ཐོན་ལས་མ་ལག་འཛུགས་དགོས། ཟོང་རྟགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཟོང་རྟགས་བསྐྲུན་པའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། དག་གཙང་མཚོ་སྔོན་གྱི་མཐོ་སྒང་ཐོན་རྫས་རྣལ་མའི་ཁྲོམ་རའི་ཟིན་ཚད་དང་ཟོང་རྟགས་ཀྱི་མིང་གྲགས་ཚད་བསྟུད་མར་ཇེ་མཐོར་གཏོང་དགོས། ཞིང་ཆེན་དང་པུའུ་ཡི་སྟེགས་བུ་མཉམ་སྐྲུན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་འགན་སྲུང་ལ་ཤུགས་བསྣན་ནས། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་ངང་འཕར་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྔར་ལས་རོགས་ཤུགས་འདོན་དགོས།

མའེ་འར་ཏན་མུའུ་ཀའེ་ཐིས་ཀྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ནི་མཚོ་སྔོན་གྱི་ཕྱིར་གཏོང་ཁུལ་བསྐྲུན་པའི་གདིང་ཤུགས་ཆེ་ཤོས་དེ་ཡིན་ལ། དགེ་མཚན་ཆེས་ཆེ་བ་དེའང་ཡིན། ཉེ་བའི་ལོ་འགའི་རིང་། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་མཉམ་དུ་བསྐྲུན་པ་དང་། ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བསྟུད་མར་ཇེ་ཆེར་གཏོང་བ། ཁྱད་ལྡན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་ཞིང་ལས་ཞིང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་པོར་འགྱུར་བ་བཅས་ལ་སྒུལ་ཤུགས་དྲག་པོ་སྣོན་དགོས། འགོ་རྩོམ་ས་གསར་བ་ནས། ཞིང་ལས་ཞིང་སྡེ་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དང་ལག་རྡང་སྦྲེལ་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ནས། ཚན་རྩལ་ཞིང་ལས་དང་ལྗང་མདོག་ཞིང་ལས། སྤུས་ལྡན་ཞིང་ལས། ཟོང་རྟགས་ཞིང་ལས་བཅས་གཅིག་གྱུར་འཕེལ་རྒྱས་གཏོང་བ་དང་། ཞིང་ཆེན་དང་པུའུ་ཡི་མཉམ་ཤུགས་སྔར་ལས་གཅིག་སྡུད་བྱེད་པ། རྒྱུན་དུ་དམ་འཛིན་བྱས་ནས་མི་ལྷོད་པ་དང་ཡུན་རིང་བྱས་རྗེས་བཞག་སྟེ། ནུས་ཤུགས་ཡོད་རྒུས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ཐད་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན།

གྲོས་ཚོགས་སྟེང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་མཉམ་དུ་བསྐྲུན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཀྲང་ཧོང་ཡོན་དང་ཀྲང་ཞའོ་རུང་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།