མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། །ཟླ11པའི་ཚེས5ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཅུའུ་ཀྲང་ཁང་དབྱི་དང་བཅས་པ་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁང་དབྱི་དང་བཅས་པ་རྣམས་ལ་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ཁྱད་ཆོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་ལྷག་པར་དུ་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་སོགས་དམ་འཛིན་བརྟན་པོ་བྱས་ནས། གཙོ་གནད་ཐོན་ལས་ལ་བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བ་དང་སྤུས་འདེགས་ནུས་སྤེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མཇུག་འགྲིལ་བ་དང་།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཚུགས་པའི་འགག་རྩའི་མཚམས་སུ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དང་། གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་མུ་མཐུད་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསྡོམས་རྩིས་ཀྱི་འདེགས་སྐྱོར་སྔར་ལས་བརྟན་པོ་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད།
ཁང་དབྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྡོམས་རྩིས་བྱ་བར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་མི་རྣམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་བླངས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་མཚོ་སྔོན་གྱི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་ངེས་ལ་བསམ་གཞིག་གང་ལེགས་བྱས་ཏེ་སྤུས་ཚད་མཐོ་བའི་བསྡོམས་རྩིས་བྱ་བར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་རྒྱུ་རེད། ཀྲང་ཅིན་ཀང་བཞུགས་མོལ་ཞུགས་ཡོད།