ཟླ11པའི་ཚེས4ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཨུ་རུ་སུའི་ཙུང་ལི་མིས་ཧྲུའུ་སི་ཅིན་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཚུན་ལ། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོ་བ་དང་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ནས། རྙོག་འཛིང་གི་ཕྱི་རོལ་ཁོར་ཡུག་ཁྲོད་བརྟན་པོས་མདུན་སྐྱོད་བྱས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་སྲུང་སྐྱོང་དང་སྲ་བརྟན། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ནི་ཕྱོགས་གཉིས་ཀའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། ང་དང་སྲིད་འཛིན་ཕུའུ་ཅིན་གཉིས་མོ་སི་ཁོ་དང་པེ་ཅིང་དུ་ཐེངས་གཉིས་ལ་མཇལ་འཕྲད་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཁྲོད་ཀྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ཐད་བསམ་ཚུལ་བརྗེ་རེས་གཏིང་ཟབ་གནང་ཏེ། འཆར་འགོད་དང་བཀོད་སྒྲིག་གསར་པ་གནང་། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ང་དང་སྲིད་འཛིན་ཕུའུ་ཅིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཀྱི་མཉམ་ལས་བྱ་བ་ལེགས་པོར་བསྒྲུབ་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་བྱས་རྗེས་གསར་བ་འཇོག་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་མ་དངུལ་འཇོག་ཚད་བརྟན་པོའི་ངང་རྒྱ་ཆེར་བཏང་ནས། ནུས་ཁུངས་དང་། ཕན་ཚུན་སྦྲེལ་མཐུད། ཞིང་ལས། མཁའ་འགྲུལ་མཁའ་སྐྱོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལེགས་པོར་སྒྲུབ་དགོས། མི་ཐབས་རིག་ནུས་དང་། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ལས་རྣམ་གསར་པའི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། མཉམ་ལས་ཀྱི་འཕར་གཞི་གསར་པ་བསྐྲུན་དགོས་ལ། མི་ཚུལ་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སྔར་ལས་མང་བ་ཀྲུང་གོ་དང་ཨུ་རུ་སུའི་མཛའ་བརྩེ་མཉམ་ལས་ཀྱི་བྱ་གཞག་ནང་ཞུགས་ཐུབ་པར་བྱ་དགོས། ཉེ་སྔོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་མ་འོངས་པའི་ལོ་ལྔའི་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་བྱས་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་གཏོང་རྒྱུ་ཡིན། ཀྲུང་གོས་ཨུ་རུ་སུ་ཕྱོགས་དང་མཉམ་དུ། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དང་ཨུ་རུ་སུའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ལས་ལེགས་པའི་སྒོ་ནས་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མུ་མཐུད་དུ་བདེ་སྐྱིད་སྐྲུན་འདོད་ཡོད།
མིས་ཧྲུའུ་སི་ཅིན་གྱིས་སྲིད་འཛིན་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་བ་དང་། མིས་ཧྲུའུ་སི་ཅིན་གྱིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞིའི་ནང་གཏན་འཁེལ་བྱས་པའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ད་ལོར་མཇལ་འཕྲད་ཐེངས་གཉིས་གནང་བ་དང་། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་འཐབ་ཇུས་ཀྱི་འཆར་འགོད་གནང་ནས། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་བཏང་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། དཔལ་འབྱོར་ཉོ་འཚོང་དང་། ཚན་རྩལ། ནུས་ཁུངས། ཞིང་ལས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་དང་། མི་ཚུལ་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བ་བསྐྲུན་པར་སྐུལ་འདེད་བྱ་འདོད་ཡོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།