མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས3ཉིན་ནས་ཚེས4ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། ཁེ་ལས་འཁོར་ཁང་དང་ལས་སྐྲུན་ཡུལ་དངོས། ལས་ཀའི་ཡུལ་དངོས་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་སྐྱོད་བྱ་བར་སྐུལ་ཁྲིད་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། ཧུར་ཐག་གིས་སྦས་ཤུགས་སྔོག་འདོན་དང་འཕར་སྣོན་བརྟན་པོ་ཡོང་བར་བྱེད་པ། ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པའི་བྱ་བར་འབད་པ། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མཐའ་གཅིག་ཏུ་མངོན་འགྱུར་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོར་རྩོམ་པར་བྱས་རྗེས་འཇོག་དགོས།
ཟི་ལིང་གྲོང་ཁྱེར་ཀན་ཧི་བཟོ་ལས་གླིང་ཁུལ་མཚོ་སྔོན་ཟངས་ལས་ཚད་ཡོད་ཀུང་ཟི་དང་། མཁར་བྱང་ཆུས་ཟི་ལིང་དམིགས་བསལ་ལྕགས་རིགས་མ་རྐང་ཚད་ཡོད་ཀུང་ཟི། མཁར་ནུབ་ཆུས་མཚོ་སྔོན་ལེ་ཀྲུང་ཁྱིམ་ལས་ཞབས་ཞུའི་ཚད་ཡོད་ཀུང་ཟི། བདུན་གཅིག་ལམ་ས་འོག་ཕྱོགས་བསྡུས་དོ་དམ་བསྒྱུར་བསྐྲུན་ལས་གཞིའི་ཡུལ་དངོས། མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་མཚོ་སྔོན་ནུབ་རྒྱུད་ཆུ་གློག་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཡཱ་ཐེ་འདྲེས་ལྕགས་ཚན་རྩལ་ཚད་ཡོད་ཀུང་ཟི། ལི་ཏུའུ་ཆུས་ཐཱང་ཏའོ618ཚོང་ལས་ཕྱོགས་བསྡུས་ཁུལ་དང་ལི་ཏུའུ་མཐོ་སྒང་ལྗང་མདོག་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཅས་སུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག་དང་། ངལ་ལས་ཟོང་རྟགས་ཚོང་གཉེར། ལས་གཞི་འཛུགས་སྐྲུན་མྱུར་ཚད། འཛད་སྤྱོད་ལ་སྐུལ་འདེད་དང་དྲོད་ཁང་སྔོ་ཚལ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཁེ་ལས་ཀྱི་འགན་འཁུར་མི་སྣ་དང་ལས་བྱེད་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལས་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་པ་དང་། དམིགས་འབེན་གྱིས་མི་སེམས་ལ་སྐུལ་སློང་བྱས་ཤིང་ལས་འགན་གྱིས་མི་ཡར་ཐོན་ཡོང་བར་སྐུལ་མ་བཏང་ཡོད། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། སོ་སོའི་ལས་གནས་ལ་རྐང་བཙུགས་ཏེ། ཐོན་ལས་འཕེལ་རྒྱས་དང་གྲོང་ཁྱེར་གསར་སྒྱུར། འཛད་སྤྱོད་ཁྲོམ་ར། གྲོང་གསེབ་དར་སྤེལ། ཐུན་མོང་ཕྱུག་འགྱུར་སོགས་ཀྱི་ཐད་དོན་འཁྱོལ་བྱེད་ཐབས་འཆར་འགོད་གཏིང་ཟབ་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འཆར་འགོད་བྱེད་པ་གཉིས་གཅིག་འདོམས་དམ་འཛིན་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།
རྟོག་ཞིབ་བྱེད་སྐབས། ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དང་མཚོ་ཤར་དུ་སོ་སོར་བསྡུས་པའི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། བྱ་བའི་རྒྱང་ལྟའི་རང་བཞིན་དང་ནུས་ལྡན་རང་བཞིན། གསར་སྐྲུན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་དངོས་སུ་མཐོར་འདེགས་བཏང་སྟེ། འབེན་ཕྱོགས་ཤུགས་འདོན་དང་གནད་འཁེལ་ཇུས་འདོན། འཕར་སྣོན་གྱིས་མི་འདང་སར་ཁ་གསབ་བྱེད་པ་དང་། དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་བསྐྱེད་དེ། ནུས་པ་ཡོད་རྒུས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱ་དགོས། ནུས་པ་ཅི་ཡོད་ཀྱིས་བཟོ་ལས་ཀྱི་མྱུར་ཚད་གཏན་འཇགས་ཡོང་བར་བྱེད་པ་དང་། གླིང་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་པ། སྲོག་ཤིང་ཐོན་ལས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གསར་དར་ཐོན་ལས་མགྱོགས་མྱུར་ངང་བསྐྱེད་པ་བཅས་བྱས་ཏེ། དཔལ་འབྱོར་གྱི་འཕར་གནས་གསར་བ་ཆགས་པར་བྱ་དགོས། བྱེད་ཐབས་སྣ་མང་སྤྱད་དེ་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པ་དང་། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ཆ་རྐྱེན་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ་དང་། ལས་གཞིར་འཆར་འགོད་ལེགས་པོ་བྱས་ཏེ། ཚོང་འགུག་དངུལ་འདྲེན་རྒྱུན་མཐུད་ངང་དམ་འཛིན་ནན་མོ་བྱ་དགོས། ཞབས་ཞུའི་ལས་རིགས་ཀྱི་གཙོ་གནད་ལས་རིགས་ཀྱི་འཕར་སྣོན་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ་དང་། འཛད་སྤྱོད་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་བ་དམ་འཛིན་ལེགས་པོ་བྱས་ནས། མཐོ་སྒང་གི་འཁྱགས་གྲང་སྔོ་ཚལ་གྱི་ཕྱིར་གཏོང་བརྒྱུད་ལམ་རྒྱ་བསྐྱེད་པ་དང་། མང་ཚོགས་ཕྱུག་པོར་འགྱུར་བ་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་ལེགས་པོ་བྱ་དགོས། འགན་འཁྲིའི་སྦྲེལ་ཐག་དམ་འཛིན་ནན་མོ་བྱེད་པ་དང་། སྤྱོད་ཚུལ་དངོས་སུ་ལེགས་སྒྱུར་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་བྱེད་པ་དང་བུ་ལོན་མེད་པར་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་གཏན་འཇགས་སོགས་ཀྱི་བྱ་བར་གཅིག་འདོམས་ལེགས་པོ་བྱ་དགོས། ཞིང་ཆེན་ཐད་གཏོགས་ཀྱི་སྡེ་ཁག་སོ་སོས་མཛུབ་སྟོན་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། བྱ་བ་སྣ་ཚོགས་སྐས་རིམ་གསར་བར་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་དགོས།
ཀྲང་ཅིན་ཀང་དང་ལིའུ་ཁྲའོ་རྟོག་ཞིབ་ལ་ཞུགས་པར་མ་ཟད་དུས་ཚིགས་བཞི་པའི་བྱ་བར་བླང་བྱ་བཏོན།