ཟླ11པའི་ཚེས4ཉིན། ཀྲུང་གོའི་མཚོ་སྔོན་གྱི་པུའུ་ལུང་ཏིས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཉེར་བཞི་པའི་ཕྱིར་སྐྱོད་མཛད་སྒོ་དེ་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་དུ་བསྡུས། ཧྲིན་ཀྲང་གཞོན་པ་ཁྲིན་ཅེ་ཝེས་མཛད་སྒོར་ཞུགས་པར་མ་ཟད་སྨན་བཅོས་རུ་ཁག་ལ་དར་ཆ་བྱིན།
ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་བྱ་བ་ནི་རྒྱལ་ཁབ་ཀྱིས་རང་ཞིང་ལ་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། 1987ལོ་ནས་བཟུང་། རང་ཞིང་གིས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཉེར་གསུམ་མངགས་པ་དང་། ཁྱོན་བསྡོམས་མི་ཐེངས་ལྔ་བརྒྱ་བཅོ་ལྔར་སླེབས་ཤིང་། རྒྱ་ཆེའི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་སྤྱོད་ཚུལ་ལེགས་པོ་དང་ཕུལ་བྱུང་ལག་རྩལ་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ཐབས་ཇུས་ལ་ཞབས་འདེགས་ཞུས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་མཚོ་སྔོན་གྱི་ལེའུ་བྲིས་པ་དང་མཚོ་སྔོན་གྱི་ཁག་ཁུར་མངོན་ཡོད། ཐེངས་འདིའི་སྨན་བཅོས་རུ་ཁག་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འདེམས་པ་ཡིན་ལ། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་སྣེ་ཁྲིད་དེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་སོགས་སྨན་ཁང་དགུ་མཉམ་འབྲེལ་གྱིས་སྒྲིག་འཛུགས་བྱས་པ་ཡིན་ལ། རུ་ཁག་ལ་ཁྱོན་བསྡོམས་མི་ཉེར་དགུ་ཡོད་དེ། མོ་ནད་དང་བུ་སྐྱེ་ཚན་ཁག་དང་སྤྱིར་བཏང་ཕྱི་ནད་ཚན་ཁག རུས་ནད་ཚན་ཁག་སོགས་ཆེད་ལས་བཅུ་གཉིས་འདུས་ཡོད་པ་དང་། ལོ་ངོ་གཅིག་ལྷག་གི་གྲ་སྒྲིག་དང་མ་ལག་ལྡན་པའི་ཕྱོགས་ཡོངས་ཀྱི་གཞུང་ལུགས་རྩལ་ནུས་གསབ་སྦྱོང་བརྒྱུད་དེ། ལེ་བར་སྟོང་ཕྲག་ལྷག་གི་ཨ་ཧྥེ་རི་ཁ་གླིང་གི་པུའུ་ལུང་ཏིས་རྒྱལ་ཁབ་ཏུ་སོང་ནས་དུས་ཡུན་ལོ་གཅིག་རིང་གི་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་ལས་འགན་ལག་བསྟར་བྱེད་རྒྱུ་རེད།
ད་ལོ་ནི་ཀྲུང་གོའི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མངགས་ནས་ལོ་རེ་གཉིས་འཁོར་བའི་ལོ་ཡིན། པུའུ་ལུང་ཏིས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཉེར་བཞི་པའི་འགོ་གཙོ། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་ཀང་གིས་བསྟན་དོན། སྨན་བཅོས་རུ་མི་ཡོངས་ཀྱིས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཀྱི་གཟི་བརྗིད་ལས་འགན་ཡིད་ལ་དམ་པོར་བཟུང་ནས། རྒྱལ་ཁབ་དང་མི་དམངས་ཀྱི་རེ་བ་ནན་མོ་སྟོང་ཟད་དུ་མི་གཏོང་བར། ཀྲུང་གོའི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་དར་སྤེལ་ལེགས་པོ་བྱས་ཏེ། མཚོ་སྔོན་གྱི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ལས་བྱེད་མི་སྣའི་སྣང་བརྙན་མངོན་པར་བྱེད་པ་དང་། སྨན་པའི་ཀུན་སྤྱོད་བརྩི་སྲུང་དང་སྒེར་སེམས་མེད་པར་བྱས་རྗེས་བཞག་ནས། རང་རྒྱལ་གྱི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་བྱ་གཞག་འཕེལ་རྒྱས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་ཆེད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།