
ས་དེའི་དུས་ཚོད་ཟླ11པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཁ་ཐུར་གྱི་ཏོ་ཧ་རུ་སྐབས་གཉིས་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་ལ་ཞུགས་སྐབས་ཁ་ཐུར་གྱི་འགོ་ཁྲིད་ཐཱ་མཱིས་མུའུ་ལ་ཐུག་འཕྲད་བྱས།
ས་དེའི་དུས་ཚོད་ཟླ11པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཁ་ཐུར་གྱི་ཏོ་ཧ་རུ་སྐབས་གཉིས་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་ལ་ཞུགས་སྐབས་ཁ་ཐུར་གྱི་འགོ་ཁྲིད་ཐཱ་མཱིས་མུའུ་ལ་ཐུག་འཕྲད་བྱས།
ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་ཐཱ་མཱིས་མུའུ་ལ་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་ཁ་ཐུར་གྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་བསྡུས་པར་རྒྱབ་སྐྱོར་བྱེད་ཅིང་། རྩེ་ཚོགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་སྔོན་ལ་རྟེན་འབྲེལ་ཞུས། ཁ་ཐུར་ནི་དབུས་ཤར་ས་ཁུལ་དུ་དམིགས་བསལ་གྱི་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ། ཀྲུང་གོའི་འཐབ་ཇུས་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁ་ཐུར་གྱི་འབྲེལ་བར་མཐོང་ཆེན་བྱས་ཡོད། ན་ནིང་གི་ཟླ7པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཀྱི་གྲོགས་ཚོགས་སྐབས་སུ་ཐུག་འཕྲད་གནང་སྟེ། ཀྲུང་གོ་དང་ཁ་ཐུར་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་ནས་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་། ཉེ་སྔོན་བསྡུས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབ་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ་འཛམ་གླིང་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་པར་རྩེ་གཅིག་ཏུ་འབད་པ་བྱ་རྒྱུ་ཡིན་ལ། ཀྲུང་གོ་དང་ཁ་ཐུར་གྱི་མཛའ་འབྲེལ་མཉམ་ལས་ཐད་གོ་སྐབས་འདོན་སྤྲོད་བྱས་ཡོད། ཆབ་སྲིད་ཀྱི་ཡིད་རྟོན་ཟབ་མོ་ནི་ཀྲུང་གོ་དང་ཁ་ཐུར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐུར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱས་ཏེ། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་སྟེང་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཅིང་། ནུས་ཁུངས་དང་། མི་ཐབས་རིག་ནུས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཁ་ཐུར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
ཐཱ་མཱིས་མུའུ་ཡིས་ཧན་ཀྲིན་སྐབས་གཉིས་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་རྩེ་ཚོགས་ལ་ཞུགས་པར་བཀའ་དྲིན་ཆེ་ཞུས། ཁོས་ཧན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུས།
ཐཱ་མཱིས་མུའུ་ཡིས་བསྟན་དོན། ཀྲུང་གོ་ནི་ཁ་ཐུར་གྱི་ཉོ་ཚོང་གྲོགས་པོ་ཆེས་ཆེ་བ་ཡིན་ལ། ཁ་ཐུར་དང་ཀྲུང་གོའི་འབྲེལ་བ་དེ་ཁ་ཐུར་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན། ཁ་ཐུར་ཕྱོགས་ཀྱིས་ཁ་ཐུར་དང་ཀྲུང་གོའི་འབྲེལ་བར་བརྩི་མཐོང་བྱེད། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐུར་གྱིས་མངའ་ཁོངས་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཐད་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་བརྟན་པོ་བྱེད་ལ། ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྒྱུས་ལོན་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ་དང་། ནུས་ཁུངས་གྲོགས་པོའི་འབྲེལ་བ་ཤུགས་དྲག་ཏུ་བཏང་ནས། ཁ་ཐུར་དང་ཀྲུང་གོའི་འབྲེལ་བ་ཚད་གཞི་གསར་པ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད།