དམག་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་ཐོག་མ་ཚེས3ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་ཀྲང་ཡུག་ཞཱ་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིན་མེན་གྱིས་སྒྲོག་འགྲེལ་ཚོགས་པའི་ཁོངས་མིར་ཐུག་འཕྲད་བྱས་པར་མ་ཟད་སྙན་ཞུར་གསན།
ཀྲང་ཡུག་ཞཱ་ཡིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ་དང་། དཔོན་དམག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱེད་པ། ཆ་ཚང་ཞིང་ཡང་དག་པའི་སྒོ་ནས《གྲོས་གཞིའི》བཀོད་སྒྲིག་ལ་ཁྱོན་ཡོངས་ནས་གོ་བ་ལེན་པ། སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་རང་འགུལ་ངང་གཏན་ཕབ་གཉིས་ལ་གུང་བཀུར་བྱེད་དགོས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལག་ལེན་གཏིང་ཟབ་ཏུ་སྤེལ་བར་དམ་པོར་དམིགས་པ་དང་། ཆབ་སྲིད་ཀྱི་དགེ་མཚན་སྲ་བརྟན་དུ་གཏོང་བར་དམིགས་པ། འཐབ་ཇུས་འགན་འཁྲི་དོན་འཁྱོལ་བྱེད་པར་གསལ་འགྲེལ་གཏིང་ཟབ་བྱེད་པ། རིམ་པ་སོ་སོས་དམག་དཔུང་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོ་ལེགས་པོ་དང་ལག་བསྟར་བཟང་པོ་བྱེད་པར་ཁྲིད་སྟོན་བྱས་ཏེ། དམག་དཔུང་འཛུགས་སྐྲུན་གྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་དགོས།
ཀྲང་ཧྲིན་མེན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཤུགས་དྲག་ལ་བརྟེན་ནས་སྒྲོག་འགྲེལ་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གཞི་རྩའི་ཁ་ཕྱོགས་དམ་འཛིན་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་གསལ་འགྲེལ་དང་འགྲེལ་བཤད་ཡག་པོ་བྱེད་པ། དམག་དཔུང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྒྲོག་འགྲེལ་གྱི་གོ་སྐོན་བློ་འགུག་གི་ནུས་པ་མཐོ་ཏུ་གཏོང་དགོས་ལ། དམག་ཡོངས་ཀྱི་དཔོན་དམག་གིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པ་བཅས་ཀྱིས་དམག་ཨུའི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས།
ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལིའུ་ཀྲིན་ལི་ཚོགས་འདུར་ཞུགས།
སྙན་ཞུའི་ཚོགས་འདུ་བརྙན་ལམ་དང་ཁ་པར་གྱི་ལམ་ནས་བསྡུས་པ་དང་། བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དམག་ཨུའི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་ཅིང་། དཔོན་དམག་ཁྲི་གཅིག་དང་སྟོང་གཅིག་གིས་སྙན་ཞུ་ལ་གསན། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བཅུ་ཡིས་ཚོགས་འདུའི་རྗེས་སུ་ཚན་ཆུང་ལྔ་རུ་བགོས་ནས་དམག་ཡོངས་སུ་སྐོར་སྐྱོད་སྒྲོག་འགྲེལ་བྱ་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།