གོ་ལ་ཧྲིལ་བོའི་ཀྲུང་གོའི་ཚོང་པའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཟླ11པའི་ཚེས3ཉིན་ཨའོ་མོན་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚོགས་འདུར་ཞུགས་པའི་གོ་ལ་ཧྲིལ་བོའི་ཀྲུང་གོའི་ཚོང་པའི་འཐུས་མི་དང་། རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་རང་མི། དེ་བཞིན་ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
ཝང་ཧུའུ་ཉིང་གིས་དུས་ཡུན་རིང་པོའི་ནང་གོ་ལ་ཧྲིལ་པོའི་ཕྱིར་སྡོད་ཀྲུང་གོའི་ཚོང་པས“རང་ཁྱིམ་དང་རྒྱལ་ཁབ། གནམ་འོག་བཅས་ལ་རོགས་སྐྱོར་བྱེད་པའི”བརྩེ་སེམས་དང“ཁ་དན་ཚིག་ལ་གནས་པ་དང་། སྒོ་འབྱེད་མཉམ་རྒྱལ”གྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ། ཕྱིར་སྡོད་ཀྲུང་གོ་བ་ཚང་མའི་ཚོང་ལས་ཐད་ཀྱི་ནུས་ཤུགས་གཅིག་འདོན་བྱས་ཏེ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་སོགས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།
ཝང་ཧུའུ་ཉིང་གིས་བསྟན་དོན། སྐབས་འདིའི་ཚོགས་ཆེན་གྱིས“ཀྲུང་གོའི་ཚོང་པའི་ལས་སྐལ་གཅིག་མཐུན་ཚོགས་པ”བརྗོད་དོན་གཙོ་བོར་བྱས་ནས་རྒྱ་ཆེའི་ཀྲུང་གོའི་ཚོང་པས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་པ་དང་འཛམ་གླིང་གིས་དོ་ཁུར་བྱེད་པའི་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་མཚོན་པར་བྱས་ཡོད། ཚོགས་འདུར་ཞུགས་མཁན་སྐུ་མགྲོན་གྱིས་ཐེངས་འདིའི་ཚོགས་ཆེན་གྱི་གོ་སྐབས་དང་བསྟུན་ནས་མཉམ་ལས་ཀྱི་ཐབས་ལམ་གསར་པ་མཉམ་དུ་གཏོད་པ་དང་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་མཉམ་གཏོད་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་འཛམ་གླིང་ལ་དྲང་ནུས་དེ་བས་མང་པོ་སྣོན་ཐུབ་པར་ཡིད་ཆེས་ཡོད།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པར་བསྐྱོད་པ་ནི་ཀྲུང་གོ་རང་ཉིད་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་ལ། མིའི་རིགས་ཡོངས་ལ་ཡར་རྒྱས་བརྩོན་ལེན་དང་འཛམ་གླིང་ལ་འཕེལ་རྒྱས་ཆེན་མོ་དོན་གཉེར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་གསར་པ་དེ་རྒྱལ་ཁབ་ཁག་གི་གོ་སྐབས་གསར་པར་འགྱུར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཕྱིར་སྡོད་ཚོང་པས་ལེགས་ཆ་འདོན་སྤེལ་དང་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། ཚན་རྩལ་བརྗེ་རེས། ཤེས་དཔལ་སྦྱོང་རེས་སོགས་ལ་སྐུལ་འདེད་གཏོང་བའི་ཐད་དམིགས་བསལ་གྱི་ནུས་པ་བཏོན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་པར་བྱས་རྗེས་གསར་པ་འཇོག་པ་དང་འཕེལ་རྒྱས་གསར་པ་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད།
སྐབས་བཅོ་བརྒྱད་པའི་གོ་ལ་ཧྲིལ་བོའི་ཀྲུང་གོའི་ཚོང་པའི་ཚོགས་ཆེན་ནི་ཨའོ་མོན་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ50ལྷག་ཙམ་ནས་ཡོང་བའི་ཀྲུང་གོའི་ཚོང་པའི་འཐུས་མི་དང་། ཆེད་མཁས་པ་དང་མཁས་པ། རྒྱལ་གཉེར་ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ཁྱོན་བསྡོམས་མི4000ལྷག་ཚོགས་འདུར་ཞུགས།