ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཚེས་གསུམ་ཉིན་དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་བཤད་སྙན་ཞུ་བྱས། ཀྲང་ཡིའུ་ཞ་ཡིས་སྒྲོག་བཤད་ཀྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས་དམག་དཔུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུད་རིམ་ལྡན་པར་འཆད་འགྲེལ་དང་གསལ་འགྲེལ་བྱས་ཏེ། ལས་འགན་གཙོ་བོར་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ་དང་། སྔོན་ཐོན་འཐབ་ཤུགས་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། དམག་དོན་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ཐོད་བརྒལ་བརྩོན་ལེན་བྱེད་དགོས་ཚུལ་བསྟན།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཆར་འགོད་གྲོས་གཞིའི་བཀོད་སྒྲིག་ལ་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་བྱས་ཏེ། རང་རྟོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བསམ་སྦྱོར་སྟེང་གཅིག་གྱུར་ཡོང་བ་དང་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་བྱེད་དགོས། ལྷག་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམག་དཔུང་འཛུགས་སྐྱོང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་པ། འཐབ་ཇུས་ལས་འགན་དམ་འཛིན་དང་རྒྱུན་མཐུད་འགག་སྒྲོལ་བྱས་ནས། དམག་དཔུང་འཛུགས་སྐྱོང་གི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཚེས་གསུམ་ཉིན་འཕྲལ་བསྟུན་དོ་དམ་པུའུ་རུ་སྒྲོག་བཤད་བྱས། ཀྲང་གོ་ཆིང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ལེན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་གོ་གནས་གལ་ཆེན་ཡང་དག་ཁོང་དུ་ཆུད་པར་བྱེད་པ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འཆད་འགྲེལ་གཏིང་ཟབ་བྱས་པ་རེད། ཁོས་བསྟན་དོན། འཕྲལ་བསྟུན་དོ་དམ་མ་ལག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གནོད་འགོག་གནོད་སེལ་དང་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་མྱུར་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་རྩོམ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མཚོན་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བར་ཤུགས་རྐྱེན་གལ་ཆེ་ཞིང་གཏིང་ཟབ་པ་ཐེབས་ངེས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིང་གིས་ཚེས་གསུམ་ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་སྒྲོག་བཤད་སྙན་ཞུ་བྱས། ཁྲིན་ཝུན་ཆིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང《གྲོས་གཞི》ཡི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པར་དམིགས་ནས་འཆད་འགྲེལ་གསལ་བོ་བྱས་ཏེ། སྲིད་ཁྲིམས་ལས་ཁུངས་ཀྱིས“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་དམིགས་འབེན་ལས་འགན་གཙོར་བཟུང་ནས། ནུས་ཤུགས་ཡོད་རྒུས་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་གི་ཀྲུང་གོ་བསྐྲུན་དགོས་ཚུལ་བསྟན།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིང་གིས་བཤད་རྒྱུར། “གཏན་ཕབ་གཉིས་”ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བའི་རྩ་བའི་ཆབ་སྲིད་ཀྱི་འགན་སྲུང་ཡིན་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད་པས། སྲིད་ཁྲིམས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་གི་ཀྲུང་གོ་བསྐྲུན་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་རེ་འདུན་རེ་རེ་ཁྲིམས་ལྟར་སྒྲུབ་ཏུ་འཇུག་དགོས་ཤིང་། གྱོད་དོན་རེ་རེའི་ཁྲོད་ནས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་དགོས་ཟེར།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཅང་ཅིན་ཆོན་གྱིས་ཚེས་གསུམ་ཉིན་ཧྲན་ཞིས་ཐའེ་ཡོན་དུ་སྒྲོག་བཤད་སྙན་ཞུ་བྱས། ཅང་ཅིན་ཆོན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་གལ་ཆེན་ལ་དམིགས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ་སོགས་ཕྱོགས་དྲུག་ལ་གོ་བ་ཟབ་མོ་བླངས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འཆད་འགྲེལ་གསལ་བོ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཅང་ཅིན་ཆོན་གྱིས་བཤད་རྒྱུར། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ང་ཚོས་“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་མུ་མཐུད་དུ་གཏོད་དགོས་ཟེར།

ཅང་ཅིན་ཆོན་ད་དུང་མཁར་སྡེ་དང་། ཁེ་ལས། སློབ་གྲྭ་བཅས་སུ་སོང་ནས་མཁར་སྡེའི་སྡོད་དམངས་དང་། ཁེ་ལས་ཀྱི་ལས་བཟོ་བ། མཐོ་རིམ་སློབ་གྲྭའི་དགེ་སློབ་བཅས་དང་བསམ་བློ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།