ཟླ11པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཅིབ་རྟེན་མཛོད་ཁང་གི་སྒོ་ཕྱེས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཅིབ་རྟེན་མཛོད་ཁང་གི་སྒོ་ཕྱེས་པའི་སྐབས་འདིར་ངས་ཙུང་ཐུང་སའེ་ཞི་དང་ཨེ་ཅིབ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུས་པ་ཡིན། ཨེ་ཅིབ་རྟེན་མཛོད་ཁང་གིས་ཨེ་ཅིབ་ཀྱི་རིག་གནས་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ནས། གནའ་བོའི་ཨེ་ཅིབ་ཀྱི་དཔལ་ཡོན་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ནུས་པ་གལ་ཆེན་འདོན་ངེས་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་བར་གྱི་མཛའ་བརྩེའི་ཡུན་རིང་ལ། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་སྣ་མང་ཕུན་སུམ་ཚོགས། ཧྲང་ཧའེ་རྟེན་མཛོད་ཁང་གི“གནའ་བོའི་ཨེ་ཅིབ་ཀྱི་དཔལ་ཡོན་འགྲེམས་སྟོན”བདེ་བླག་ངང་བཤམས་ལ། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ཁ་ལའི་གཏོར་གཟུགས་མཆོད་རྟེན་འོག་ངོ་མཚར་ཆེ་བའི་གནའ་བོའི་ཨེ་ཅིབ་ཀྱི་དཔལ་ཡོན་མཉམ་དུ་འཚོལ་ཞིབ་བྱེད་བཞིན་ཡོད། ང་ཚོས་གནའ་བོའི་དཔལ་ཡོན་ཆེན་པོ་གཉིས་མཉམ་འདྲེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཉིན་རེ་བཞིན་ཕན་ཚུན་མཛའ་མཐུན་ཡོང་བ་མཐོང་ནས་དགའ་བོ་བྱུང་། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ལ། ཀྲུང་གོ་དང་ཨེ་ཅིབ་ཀྱི་དཔལ་ཡོན་དར་བའི་གནའ་བོའི་རྒྱལ་ཁབ་གཉིས་པོས་དཔལ་ཡོན་ཕན་ཚུན་དཔྱད་གཞིར་བཟུང་ནས། ཀྲུང་གོ་དང་ཨེ་ཅིབ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དཔལ་ཡོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།