2025ལོའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་མཇུག་བསྒྲིལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས23པ་སི་ཁྲོན་ཁྲེང་ཏུའུ་རུ་མཇུག་བསྒྲིལ་བ་རེད། 

ཐེངས་འདིའི་ཚོགས་འདུ་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་གི་ཁམས་པའི་བརྙན་འཕྲིན་ལས་ཁུངས་ཀྱིས་སྒྲུབ་འགན་འཁུར་བ་དང་། པེ་ཅིན་དང་བོད་ལྗོངས། སི་ཁྲོན། མཚོ་སྔོན། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་བོད་སྐད་ཡིག་སྨྱན་སྦྱོར་ལས་ཁུངས36ཚོགས་འདུར་ཞུགས་ཡོད་པ་དང་། འགྲན་ཞུགས་བརྩམས་ཆོས500ལྷག་ཡོད་པའི་ནང་། རང་ལས་ཁུངས་ཀྱིས་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཅིག ཨང་གསུམ་པ་གཉིས་བཅས་ཀྱི་བྱ་དགའ་བླངས་ཡོད་པ་རེད།

ཟླ10ཚེས30ཉིན། ཚོགས་ཞུགས་མི་སྣ་དག་ཡུལ་དངོས་བརྟག་དཔྱད་ཀྱི་བྱེད་སྒོར་ཞུགས་ཤིང་། སྔ་རྗེས་སུ་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་དང་། ཧི་མ་ལ་ཡའི་རིག་མཛོད་ཁང་། གཡག་རྔའི་ཇ་ལོ་བཟོ་གྲྭའི་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་ཏུ་སོང་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་། རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས། བོད་ཇའི་ལོ་རྒྱུས་རིག་གནས་སྔོག་འདོན་བྱས་པ་རེད།

ཚོགས་འདུའི་སྟེང་ད་དུང་། ཐེངས་འདིའི་གཙོ་སྒྲུབ་ལས་ཁུངས་ཁམས་པའི་བརྙན་འཕྲིནལས་ཁུངས་ཀྱིས་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདིའི་ཐམ་ཀ་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པའི་གཙོ་སྒྲུབ་ལས་ཁུངས་བོད་ལྗོངས་བརྙན་འཕྲིན་ཁང་ལ་སྤྲད་པ་རེད།

གསར་འགོད་པ། ཡེ་ཤེས་སྒྲོལ་མ། ཤ་མོ་འཚོ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།