མཚོ་སྔོན་གྱི་གྱོད་གཞི་ཤེས་བྱའི་བདག་དབང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་དཔེ་མཚོན་གྱོད་གཞིའི་ཁྲོད་ཐོག་མར་བདམས་ཐོན་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས31ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ10པའི་ཚེས29ཉིན། རྒྱལ་ཁབ་ཤེས་བྱའི་བདག་དབང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་བའི་སྡེ་ཁག་རིམ་པའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གིས་ཤེས་བྱའི་བདག་དབང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་སྐོར་ཐེངས་བཞི་པའི་དཔེ་མཚོན་གྱོད་གཞི་ཡོངས་བསྒྲགས་བྱས་པ་དང་། རང་ཞིང་གིས་སྐྱེད་སྲིང་དང་བརྒྱུད་སྐུར་བྱས་པའི་ཆེད་ཁེ་གསར་སྐྲུན་གྱིས་ཚྭ་མཚོའི་ཐོན་ལས་ཀྱི་སྐྱེ་ཁམས་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བའི་གྱོད་གཞི་དེ་གསར་གཏོད་རང་བཞིན་དྲག་ལ་ཕན་འབྲས་མངོན་གསལ་ལྡན་པའི་ཁྱད་ཆོས་ལ་བརྟེན་ནས་བདམས་ཐོན་བྱུང་བས། ཞིང་ཆེན་ཡོངས་ཀྱི་ཉམས་མྱོང་ལྡན་པའི་བྱེད་ཐབས་ཀྱི་གྱོད་གཞི་ཐོག་མར་གྱུར།

རྒྱུས་ལོན་པ་ལྟར་ན། གྱོད་གཞི་ལས་རང་ཞིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤེས་བྱའི་བདག་དབང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པར་འགྲེལ་བཤད་ཟབ་མོ་བྱས་པ་དང་། ཤེས་བྱའི་བདག་དབང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱིས་ཤེས་བྱའི་བདག་དབང་གི་ཞབས་ཞུ་གནད་འཁེལ་སྒོས་ལག་ཏུ་བསྟར་བར་སྟོབས་ནུས་སྩོལ་བར་དམིགས་ནས། ལྟེ་བའི་ཆེད་ཁེ་ལག་རྩལ་གྱི་ལྗང་མདོག་འདེགས་སྐྱོར་བྱེད་ནུས་འདོན་སྤེལ་བྱས་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་སྐྱེ་ཁམས་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཐོན་ཁུངས་ནུས་མཐོ་སྒོས་གསར་སྤེལ་དང་ཐོན་ལས་ཀྱི་མཐུན་སྦྱོར་རིམ་སྤོར་མངོན་འགྱུར་བྱས།

ཞིབ་ཕྲའི་ལག་ལེན་ཁྲོད། རང་ཞིང་གིས་ནུས་ཤུགས་ཡོད་རྒུས་ཚྭ་མཚོའི་ཐོན་ཁུངས་ཀྱི་ནུས་མཐོའི་གསར་སྤེལ་ལག་རྩལ་གསར་བར་འགག་སྒྲོལ་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། ཅཱ་ལུད་ཐོན་སྐྱེད་བཟོ་རྩལ་གྱི་ཆེད་ཁེའི་ཚོགས་པ་ཚུར་སྒྱུར་བྱས་པ་བརྒྱུད། ཅཱ་ལུད་ཀྱི་ལོ་རེའི་ཐོན་ཚད་ཏུན་ས་ཡ་ལྔ་ཐོན་སྐྱེད་བྱས་ཤིང་། རྒྱལ་ནང་གི་ཅཱ་ལུད་ཁྲོམ་རའི་སྒྲིག་གཞི་དེ་རྒྱལ་ནང་གི་ཐོན་སྐྱེད་གཙོ་བོར་བྱེད་པ་དང་། ནང་འདྲེན་ལ་བརྟེན་ནས་ཁ་གསབ་བྱེད་པ། འཛམ་གླིང་གི་རིན་ཐང་མཛོད་བཅས་སུ་བསྒྱུར་ཏེ། ཀྲུང་གོའི་ཟ་ཕོར་དེ་རང་གི་ལག་ཏུ་དམ་པོར་འཛིན་རྒྱུ་རེད།

རང་ཞིང་གིས་ཤེས་བྱའི་བདག་དབང་གིས་ཚྭ་མཚོའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འདེགས་རྒྱ་སྐྱེད་ལ་སྟོབས་ནུས་སྩོལ་བའི་འགག་རྩའི་ཁུངས་སྣེ་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་ལམ་ཐིག་འཆར་འགོད་བྱས་པ་དང་། ཚྭ་མཚོའི་ཐོན་ལས་ཀྱི་ཤེས་བྱའི་བདག་དབང་གིས་སྟོབས་ནུས་སྩོལ་བའི་བྱ་སྤྱོད་དེ་ཤེས་བྱའི་བདག་དབང་གི་གཅིག་ཅན་ལྔའི་ལོ་གསུམ་འགག་སྒྲོལ་གྱི་ལས་འགན་གཙོ་བོའི་གྲས་སུ་བཞག་ནས། ནུས་ཤུགས་ཡོད་རྒུས་ཤེས་བྱའི་བདག་དབང་གི་ནུས་མཐོའི་ཚུར་སྒྱུར་དང་མཐུན་སྦྱོར་བེད་སྤྱོད་ལ་སྐུལ་འདེད་བཏང་། མ་ལག་ལྡན་པའི་སྒོ་ནས་བྱ་བའི་བརྟེན་གཞི་སྒྲིག་འཛུགས་བྱས་པ་དང་། ཚད་གཞི་མཐོན་པོས་ཚྭ་མཚོའི་ཐོན་ལས་ཀྱི་ཤེས་བྱའི་བདག་དབང་གི་འཁོར་རྒྱུག་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། ཐོན་ལས་དེ་རྩེ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ཕྱོགས་སུ་སྣེ་ཁྲིད་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།