མཚོ་སྔོན་གྱིས་ན་གཞོན་འཕེལ་རྒྱས་བྱ་གཞག་ཐད་ཕན་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ན་གཞོན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ལས་རྒྱུས་ལོན་པ་ལྟར་ན། 2025ལོ་ནས2028ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་ན་གཞོན་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་གྱི་ན་གཞོན་འཕེལ་རྒྱས་བྱ་གཞག་ལ་འཕེལ་རིམ་མངོན་གསལ་བླངས་པ་དང་། ན་གཞོན་གྱི་རྗེས་དཔག་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གྱུར་ཞིང་། སྲིད་ཇུས་ཀྱི་མ་ལག་དང་བྱ་བའི་མ་ལག འགན་སྲུང་ལམ་ལུགས་བཅས་སྔར་ལས་འཐུས་ཚང་དུ་གྱུར་ནས། ན་གཞོན་གྱི་ཐོབ་སྣང་དང་སྐྱིད་སྣང་སྔར་ལས་ཇེ་ཆེར་གྱུར་བ་དང་། ན་གཞོན་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་མིའི་སེམས་སུ་འཇགས་པར་བྱས།

ལོ་ངོ་བརྒྱད་ཀྱི་རིང་། མཚོ་སྔོན་ཞིང་ཆེན་གྱིས་འཆར་འགོད་རི་མོ་གཏན་འབེབས་བཟོ་བ་རྒྱུན་འཁྱོངས་བྱས་ཤིང་། ན་གཞོན་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལག་བསྟར་བྱེད་ཐབས། དམིགས་ཚད་ཚད་ལེན་སོགས་ལས་འགན་གཙོ་བོར་གཞིགས་ནས། ཁོངས་གཏོགས་ལས་ཁུངས་ཞེ་གཉིས་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྡེ་ཁག་གི་མཉམ་ཤུགས་གཅིག་སྡུད་བྱས་ཤིང་། འཆར་འགོད་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་མ་ལག་ལྡན་པའི་བཀོད་སྒྲིག་བརྒྱུད་དེ། ན་གཞོན་འཕེལ་རྒྱས་སྲིད་ཇུས་དང་ས་གནས་ཀྱི་དངོས་ཡོད་གཉིས་ཟུང་འབྲེལ་དམ་པོ་བྱས་ནས། ཕྱོགས་ཡོངས་དང་རིམ་པ་མང་བའི་རྒྱབ་སྐྱོར་མ་ལག་གྲུབ།

ཏང་སྲིད་ཀྱི་རིམ་པ་མཐོ་བའི་བཀོད་འདོམས་དང་ས་གནས་ཀྱི་འཚོལ་ཞིབ་གསར་གཏོད། ལས་གཞི་ནུས་ལྡན་སྒོས་ལག་བསྟར་བྱེད་པ་བཅས་ལ་བརྟེན་ནས། འཆར་འགོད་ལས་གཏན་འབེབས་བཟོས་པའི་ཁྱབ་ཁོངས་སོ་སོའི་བྱ་བ་ནུས་ལྡན་སྒོས་དངོས་འབེབས་བྱས་པ་དང་། ས་ཁུལ་སོ་སོ་དང་ཁོངས་གཏོགས་ལས་ཁུངས་ཞེ་གཉིས་ཀྱིས་ན་གཞོན་མཐར་ཕྱིར་རྗེས་ལས་ཀ་འཚོལ་བ་དང་། སྡོད་ཁང་། སློབ་གསོ། གཉེན་སྒྲིག སྤྱི་ཚོགས་འགན་སྲུང་སོགས་ལ་སྐུལ་འདེད་བཏང་སྟེ། སྲིད་ཇུས་ཁག་བཞི་བརྒྱ་ལྷག་དང་དངོས་དོན་ལས་གཞི་རེ་འགན་བཏོན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་འཕེལ་རྒྱས་ཀྱི་སྲིད་ཇུས་ཕྱོགས་བསྒྲིགས་ཁྱབ་བསྒྲགས་བྱས་ནས། ན་གཞོན་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བ་སོ་སོ་སྤྱིའི་ཆ་ནས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས།

མ་འོངས་པར། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་རྐང་བཙུགས་ནས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྐོར་ཐེངས་གསར་བའི་ན་གཞོན་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་ཚོགས་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་གཞི་གཅིག་ཅན་གྱི་བསམ་བློ་ཆབ་སྲིད་ཀྱི་མི་སྐྱོང་རྐྱེན་སྲོལ་བཙུགས་ཏེ། ན་གཞོན་གྱི་དོ་ཁུར་གནད་དོན་ཐག་གཅོད་པར་དམིགས་ནས། རྒྱ་ཆེའི་ན་གཞོན་རྣམས་བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱ་རྒྱུ་རེད། དེ་དང་མཉམ་དུ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་གཞིགས་ནས། ན་གཞོན་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།