ཟླ11པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་རྒྱལ་ཡོངས་དམངས་ཆེན་འཐུས་མི། ཧྥུའུ་ཅན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྭ་ཧྥིན་ཧྭ་ཅིན་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཧྥང་ཧྭ་ཡུས་དང་། རྒྱལ་ཡོངས་དམངས་ཆེན་འཐུས་མི། ཧྥུའུ་ཅན་ནགས་ཞིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའོ་ཧུང་སོགས་ལ་ཐུག་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཧྥང་ཧྭ་ཡུས་དང་། ལིའོ་ཧུང་སོགས་ལ་དགའ་བསུ་ཞུས། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མཚོ་སྔོན་ལ་ཁྱད་དུ་འཕགས་པའི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལྡན་ཞིང་། མིག་སྔར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་སྒང་ཡིན་ལ། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་མདུན་དུ་བསྐྱོད་བཞིན་ཡོད་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ལྗད་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་བྲིས་ཏེ། ལོ་རྒྱུས་ཐོག་ཆེས་ལེགས་པའི་འཕེལ་རྒྱས་ཀྱི་དུས་སྐབས་བསུས་ཡོད། ཧྥང་ཧྭ་ཡུས་དང་ལིའོ་ཧུང་། འབྲེལ་ཡོད་ཁེ་ལས། མཐོ་རིམ་སློབ་གྲྭ་སོགས་ཀྱིས་རང་སྟེང་གི་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་ཐོན་ལས་འཕེལ་རྒྱས་དང་། ས་གཤིས་ལེགས་སྒྱུར་ཉམས་གསོ་སོགས་ཁྱབ་ཁོངས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད། འགྱིག་ཤོག་དང་སྲ་གཟུགས་སྙིགས་རྫས་ཐག་གཅོད། ནུས་ཁུངས་གཙང་མ་འཛད་སྤྱོད། ལྗང་མདོག་ཞིང་ཕྱུགས་སྤུས་འདེགས་ནུས་སྤེལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་སོགས་ཕྱོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དམིགས་ནས། དགེ་མཚན་གསབ་རེས་དང་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་ལེགས་པོ་བྱ་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད།
ཧྥང་ཧྭ་ཡུས་དང་། ལིའོ་ཧུང་གཉིས་ཀྱིས་སོ་སོར་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཞིབ་འཇུག་ཁ་ཕྱོགས་གསར་བ་མཚམས་སྦྱོར་བྱས་ཏེ། མཐུན་སྦྱོར་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་དང་ནུས་ཁུངས་ཀྱི་དགེ་མཚན་ལ་གཞིར་འཛིན་པ། ཚན་ཞིབ་འགག་སྒྲོལ་གྱི་མཉམ་ལས་ལ་ཤུགས་སྣོན་པ། ལག་རྩལ་མང་པོའི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཐོན་ལས་བཀོད་པ་ལེགས་སྒྱུར་དང་ཁྱད་ལྡན་ཐོན་ལས་ཀྱི་ཕྲེང་འབྲེལ་བསྐྲུན་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།